དད་གདུང་རོལ་མོ་སྟོང་གི་འགྱུར་ཁུག།
ཚུལ་གསུམ་རིགས་པའི་རླུང་གི་རྟ་བཞོན་ནས།།
ཐུན་མོང་རིག་པའི་ཐང་གི་མཐའ་བཅད་དེ།།
མཁྱེན་རབ་དབང་ཕྱུག་རྒྱལ་པོའི་གོ་ས་རུ།།
ལྷོད་ཀྱིས་བཞུགས་པ་ཁྱེད་ལ་དྲན་གསོ་བྱེད།།
ཐུན་མིན་གསང་བ་དམ་པའི་བྲང་གཞུང་ནས།།
དུག་ལྔའི་ཟས་ལ་སྤྱོད་པའི་ང་རྒྱལ་གྱིས།།
སྣང་སེམས་དབང་དུ་འབྱོར་བའི་དཔའ་ངོམ་ཏེ།།
འོད་ཀྱི་སྣང་བར་བཞུགས་པ་ཁྱེད་རང་དྲན།།
ཁྱད་ཆོས་ཆེ་བ་དྲུག་གི་ཁྲི་སྟེང་ནས།།
ནང་རྒྱུད་ཡོ་ག་གསུམ་གྱི་བཅུད་བཞེས་ཏེ།།
གསང་བ་སྐུ་གསུམ་རྒྱལ་བའི་ཕོ་བྲང་དུ།།
དལ་གྱིས་ཕེབས་པ་ཁྱེད་ལ་གདུང་བས་འབོད།།
འདི་སྣང་དབང་པོའི་གཞུ་ཡི་འཚང་གཏོར་ནས།།
གྲགས་པའི་གཏམ་ལ་རྡོག་ཐོས་བསྣུན་པ་དང་།།
ཆེན་པོའི་གོ་ས་གད་ཀྱི་མཉམ་སྤུངས་ཏེ།།
ཡ་ཆེན་དབེན་སར་བྲོས་པ་ཁྱེད་ལ་མོས།།
སྣང་བ་སྣོད་ཀྱི་ཞིང་ཁམས་ཡངས་པོ་རུ།།
སྲིད་པ་བཅུད་ཀྱི་སེམས་ཅན་འཁོར་བསྡུས་ཏེ།།
སྣང་སྲིད་གདོད་ནས་དག་པའི་གཞི་ཐོག་ཏུ།།
གཉིས་མེད་མཉམ་པར་བཞུགས་པ་ཁྱེད་ལ་བསྟོད།།
ཀ་དག་གདོད་མའི་ཀློང་གི་སྤྱན་ཕྱེས་ནས།།
ལྷུན་གྲུབ་གཞལ་ཡས་ཁང་དུ་ཡུལ་བཟུང་བའི།།
ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས།།
ཁ་བ་བོད་ལ་འཁྲུངས་པ་ཁྱེད་རང་དྲན།།
འཁོར་འདས་རོ་མཉམ་གཟིགས་པའི་ཐུགས་ཀ་ན།།
འོད་ཀྱི་གོང་བུ་བཞིན་དུ་འཁྱིལ་བ་ཡི།།
དད་གདུང་བུ་སློབ་སྟོང་གི་མིག་ཆུ་འདི།།
རྗེས་བཟུང་ཕྱིར་མིག་ཡུལ་ནས་མ་གློད་ཅིག།
རྡུལ་བྲལ་དག་པའི་ཞིང་ཁམས་འབྱམས་ཀླས་ཤིང་།།
སྣ་ཚོགས་སྲིད་པའི་འཇིག་རྟེན་མཐའ་མང་ཡང་།།
དད་དམ་རྒྱ་མཚོ་སྐྱིལ་པའི་ཚུགས་ཀ་འདི།།
ཟབ་ཡངས་ཐུགས་ཀྱི་ཀློང་ནས་མ་འདོར་ཞིག།
མདོ་ཁམས་ཟལ་མོ་སྒང་གི་རི་འདབས་ན།།
སྡེ་བཞི་དགེ་བཅུ་ཚང་བའི་རྒྱལ་ས་སྟེ།།
ཆོས་རྒྱལ་ལྷ་ཡི་མེ་ཏོག་ཕེབས་ཤུལ་དུ།།
རྗེ་བཙུན་བླ་མ་ཡུལ་གྱི་ནོར་བུ་ཡིན།།
ཐུགས་བསྐྱེད་དམ་བཅའ་བཙན་པོའི་གཞུ་བཀུག་སྟེ།།
ཕྲིན་ལས་གཟེར་མོའི་མདའ་ཡི་སོ་ཕྱུང་ནས།།
གཉིས་འཛིན་དགྲ་ལ་འཐབ་པའི་གཡུལ་ས་སྟེ།།
ཡ་ཆེན་ཆོས་ཀྱི་གྲོང་ཁྱེར་གཟིགས་ལགས་སམ།།
འོད་ཀྱི་བདག་པོ་ཉི་མའི་དཀྱིལ་འཁོར་གྱིས།།
ཡངས་པའི་འཇིག་རྟེན་སྨག་ལ་བསྐྱུར་བ་ལྟར།།
གངས་དཀར་རི་བོའི་འདབས་ན་མི་ཚོགས་ཤིག།
ཁྱེད་ཀྱིས་དྭ་ཕྲུག་བྱས་པ་གཟིགས་ལགས་སམ།།
རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ།།
རིག་འཛིན་རྒྱ་མཚོ་འདུས་པའི་ཚོགས་གྲལ་ན།།
དགའ་བཞིའི་བདེ་བའི་ཡེ་ཤེས་བག་དྲོ་ཡང་།།
མིག་ཆུའི་ཁྱོ་བ་འདི་ཚོར་ཕྱིར་མིག་མཛོད།།
བྱེ་མའི་གྲོང་དུ་ཐན་པས་མནར་བ་ལྟར།།
ཟུར་གསུམ་སྙིང་ཤ་སྐྱོ་བས་ཚོས་པ་ཡི།།
ཤུལ་ལུས་མགོ་ནག་མི་ཡི་སྡུག་ནག་འདི།།
ཡུན་རིང་འདི་མུར་མ་འཇོག་ཐུགས་རྗེས་གཟིགས།།
དད་མོས་མེ་ཏོག་སྟོང་གི་མཛེས་སྡུག་འདི།།
ཆོས་ཟད་ཆོས་སྐུའི་ཀློང་ནས་་གཟིགས་ལགས་ན།།
འཁྲུལ་བྲལ་སྤྲུལ་པའི་སྐུ་ཡི་འོད་སྣང་ཞིག།
ཤར་ཕྱོགས་རི་བོའི་རྩེ་ནས་མྱུར་བར་ཁྱེ།།
ཉེ་སྔོན་བོད་ནང་གི་སྐྱེས་ཆེན་དམ་པ་མཁན་པོ་ཨ་ཁྱུག་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་རྗེས་དྲན་དོད་དུ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་བལ་ཡུལ་བོད་ཀྱི་ཉེ་འགྲམ་ནས་༢༠༡༡་༩་༡༤ ཉིན་།