བློན་ཆེན་དྲུག་གསར་བདམས།
སྐབས་འདིར་བློན་ཆེན་ཡོངས་ཁོངས་ཡང་བཀའ་ཟུར་དང་བུད་མེད། ལོ་ན་རྒན་པ་དང་གཞོན་པ། ཆོལ་ཁག་གསུམ་སོགས་སྔར་གྱི་ཁས་ལེན་ལྟར་བྱུང་འདུག་པས་དམ་བཅའ་དང་པོ་དེ་གྲུབས་སོང་།
དྲ་འབུ་ཁག་ཤས་ཀྱིས་སྐབས་འདིར་བོད་མིའི་གྲོས་ཚོགས་སུ་ཀླན་ཀ་མེད་པས་དེ་དག་ལ་རྒྱབ་སྐྱོར་གནང་བར་ངན་རྟགས་ཡིན་ཚུལ་དང་། དེ་སྔོན་མི་མང་གིས་ཐད་འདེམས་བཀའ་ཤག་སྐབས་གཉིས་པའི་སྐབ་སུ་ཕྱག་སྦྲེལ་བཀའ་བློན་བདམས་སྐབས་གྲོས་ཚོགས་སུ་དཀའ་སྐོར་ཞུས་པ་དེ་ཚོ་བཟང་རྟགས་ཡིན་ཚུལ་བཤད་པ་ནི་རང་ཉིད་ཀྱིས་ལེགས་ཉེས་ཕྱེ་བའི་རྣམ་དཔྱོད་མེད་པའམ་ཕྱོགས་ཞེན་གྱིས་འཆལ་གཏམ་བསྒྲོགས་པར་བྱང་ཆུབ་པ་དང་། སྤྱི་ཚོགས་སུ་འགན་ཁུར་མེད་པས་ཀླན་ཀ་རིགས་ལ་ཞེན་ཆགས་ཆེ་བ་ཞིག་ལས་མ་འདས། རང་ཞེན་ཆེ་བས་ཀླན་ཀའི་རིགས་ནི་ཇི་ཙམ་མང་བ་དེ་ཙམ་གྱིས་སྤྱི་ཚོགས་འཆམ་མཐུན་གྱི་ནུས་པ་གཏོར་བ་ལས་བཟང་རྟགས་ཞིག་རྩ་བ་ནས་མིན།
དེ་བཞིན་དུ་ཆོས་རིགས་བློན་ཆེན་ཆོས་གཟུགས་དགོས་ཚུལ་ཡང་། རྒྱུ་མཚན་མེད་པས་ཀླན་ཀ་རེད། ཆོས་རིགས་བློན་ཆེན་ནི། གཞུང་ངམ་སྒྲིག་འཛུགས་འདིར་ཆོས་ལུགས་ཀྱི་ཆ་ཤས་ཡོད་པས་མཚན་རྟགས་དང་ཆོས་སྡེ་ཁག་ཏུ་མཐུན་སྦྱོར་འབྲེལ་མཐུད་ཞུ་མཁན་བློན་ཆེན་ཞིག་ཡིན་པ་ལས་ཆོས་ལུགས་མི་སྣ་དང་ཆོས་སྡེ་སོ་སོར་བཀོད་འདོམས་པའམ་ཆོས་ཀྱི་རྗེ་དཔོན་ཞིག་ནི་སུས་ཀྱང་མི་འདོད། ཆོས་ཕྱོགས་ཀྱི་སྐོར་མཛད་འགན་ཡོངས་རྫོགས་དགོན་སྡེ་སོ་སོའི་ཆོས་རྗེ་རྣམ་པ་དང་། མཁན་པོ་དང་སློབ་དཔོན་སོགས་དགོན་པ་དང་གྲྭ་ཚང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་གཙོ་བོས་སྐྱོངས་དགོས་པ་ལས་སྲིད་ཀྱི་ལས་སུ་བཀོལ་པའི་མི་སྣ་ཞིག་ནི་མི་འོས། ཡིན་ཡང་སྤྱི་ཚོགས་ཀྱིས་ཆོས་ཕྱོགས་སུ་ཞབས་ཏོག་དང་འབྲེལ་བས་ཆོས་ཕྱོགས་དང་ཆོས་སྡེའི་སྐོར་རྒྱུས་མངའ་གང་མཚམས་ཡོད་པ་ཞིག་ནི་ལོས་དགོས།
དེ་མིན་གསར་འབྱོར་དང་རྙིང་འབྱོར། ཆོལ་ཁ་དང་ཆོས་ལུགས་སོགས་ལ་ཤོག་ཞེན་གྱིས་ཐེན་བའི་མི་ངན་ལ་སྐད་ངན་གྱིས་ཆོལ་ཁ་དང་ཆོས་ལུགས་སོགས་ཕྱོགས་ཞེན་གྱི་སྐད་ཆ་ཞིག་མ་ཏོགས་བཤད་ཡ་མེད་པས་དེ་དག་ནི་དུས་ལས་ཡོལ་བས་དོར་བྱ་ཉིད་ཡིན་ནོ།
ད་ནས་སྲིད་སྐྱོང་དང་བློན་ཆེན་སོགས་ལས་ཀྱི་སྣེ་མོར་གནས་པའི་མི་སྣས་ཅི་བཤད་ཞལ་ལ་མ་ལྟོས། ཅི་བྱེད་ལུས་ལ་ལྟོས་ནས་སྐབས་མཚམས་སུ་མི་རིགས་འདི་དང་སྤྱི་ཚོགས་འདིར་ཕན་པའི་ལེགས་སྤེལ་ཉེས་འགོགས་ཀྱིས་སྤྱི་ཚོགས
་མདུན་དུ་ཐོན་དགོས་པ་ལས་གཟུགས་མེད་ཀྱི་འཆལ་གཏམ་རིགས་ལ་རིན་མཐོང་གཏན་ནས་མེད་དོ