༄༅།། འཁྱམ་ཡན་གྱི་མནར་བའི་ན་ཟུག་གི་ངུ་རྒྱང་།
ངོ་མ་གཤིན་ཡུལ་འདི་ལ།། ད་ནི་འགྲོ་རན་ཡིན་བསམ།།
ནད་གཞི་གང་ལ་བལྟས་ཀྱང་།། རེ་ཐག་གཏིང་ནས་ཆད་སོང་།།
གཅེས་པའི་ཟག་ཕུང་འདི་ལ།། ད་ནི་འབྲལ་བ་ཡིན་བསམ།།
འཇིགས་རུང་བར་དོའི་ཕྲེང་ལ།། ད་ནི་འགྲོ་རན་ཡིན་ནམ།།
སྙིང་གི་དཀྱིལ་ན་འཕྱུར་བའི།། འཁྱམ་རྒོད་གདོན་འདྲེ་དམར་པོ།།
གཅེས་པའི་ཚེ་སྲོག་གཤེད་མ།། ཉམ་ཆུང་གམ་ཏུ་བསླེབས་སོང།།
བུ་སྡུག་འབྱོར་མེད་སྨྱོན་པ།། ན་ཟུག་ཚོར་བས་ཟུན་ཏེ།།
སེམས་ཁམས་དངུལ་དཀར་ངོས་སུ།།ན་བུན་རྡུལ་གྱིས་ཁེངས་སོང་།།
རེ་ཐག་ཆད་པའི་བུ་སྨྱོན།། ལུས་ཕུང་སྟོད་སྨད་བར་ན།།
དྲག་ཏུ་ལྡང་བའི་ཚོར་བ།། ནན་གྱིས་འཕྱུར་བས་སྐྱོ་བ།།
མི་ཡུལ་འདི་ལ་འཁྲེང་ཞེན།། ཚོད་ཞིག་མེད་པ་ཡོད་ཀྱང་།།
དབང་མེད་ན་ཚ་འདི་ཡིས།། གཤིན་ཡུལ་འཕྲེང་ལ་འཁྱུད་འགྲོ།།
བཟོད་དཀའ་ན་ཟུག་དམར་པོ།། སྟོད་སྨད་བར་ན་རྒྱུ་སྟེ།།
འབྱུང་བཞིའི་ཟག་ཕུང་དཀོབ་ཐོ།། དུར་ཁྲོད་འདི་ལ་འགྲོ་རན།།
ཁ་ཆུ་སྣ་ཆུ་ཟག་བཞིན།།ཁ་འདར་ཁོག་འདར་གྲངས་མེད།།
འཁྱམ་ཡན་འདི་ཡིས་མནར་སྐབས།། ཚོར་གདུང་དམར་རྗེན་ཤོར་ཐལ།།
འཁྱམ་ཡན་ཞིག་གི་བདག་གི་ལུས་ཕུང་སྟོད་སྨད་བར་གསུམ་ལ་ན་ཟུག་བཟོད་གླགས་མེད་པར་ཞིག་བསྐྱེད་སྐབས་ཚོར་བ་དམར་རྗེན་མ་ཞིག་དྲག་དུ་ལྡང་བཞིན་སྐབས་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གངས་འབྲོང་སྲས་སུ་འབོད་པས་བཞུགས་སྒར་རྡ་རམ་ས་ནས་སུག་བྲིས་བགྱིས་པའོ།། ༢༠༠༡༡ ༩ ༡༦