ཁ་ཕྱོཌ་སྒྱུར་བའི་དུས་ལ་བབ་འདུག

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༣༩ ཡི་ཆེད་བརྗོད།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ཆེའི་མི་མང་གིས་རྒྱ་དམར་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་༦༦ འཁོར་བ་རེད། དེའི་རིང་བོད་ནང་དུ་བོད་མི་འབུམ་༡༢ ལྷག་དུས་མིན་རྐྱེན་འདས་སུ་གྱུར་ཅིང་། བོད་ནང་དུ་སྡུག་སྦྱོང་མནར་གཅོད་ཇི་སྙེད་ཅིག་བཏང་ཡོད། ཉེ་བའི་ཆ་ནས་བཤད་ན་ཕྱི་ལོ་༢༠༠༩ ནས་བཟུང་བོད་མི་རྒྱལ་གཅེས་པ་གྲངས་༡༥༧ ཙམ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་དུ་ཞི་བའི་ངོ་རྒོལ་སྐད་འབོད་ཇི་སྙེད་ཅིག་བྱུང་ཡོད་ཀྱང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་མི་རྒྱ་མིར་བསྒྱུར་རྒྱུའི་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། དམ་དྲག་དང་གདུག་རྩུབ་ཆེ་རུ་ཕྱིན་ཡོད། དཔེར་ན་ཁམས་དང་ཨ་མདོ་ནས་ཡོང་བའི་བོད་མི་རྣམས་ལྷ་སར་དུས་ཐུང་ཙམ་གནས་སྡོད་བྱ་རྒྱུར་འགལ་རྐྱེན་ཧ་ཅང་མང་ཡང་། རྒྱ་མི་རྣམས་ལྷ་སར་འབྱོར་མ་ཐག་ས་ཆ་དང་ཁང་པ་ཉོ་ཆོག་པ་སོགས་དབྱེ་འབྱེད་ཤིན་ཏུ་ཆེ་བ་དྲ་ལམ་ཁག་ཏུ་གསལ་པོ་མཐོང་རྒྱུ་འདུག

མི་ལོ་༦༦ གི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་། བཙན་བྱོལ་བོད་མི་གང་མང་ཞིག་གིས་དབུ་འོག་དཔུང་འདེགས་བྱས་ནས་བཙན་བྱོལ་དུ་བོད་གཞུང་བཙུགས། རྒྱ་གར་གཞུང་སོགས་ཀྱི་རོགས་རམ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་དེ་ཡང་ཆེ་ཆུང་ལ་མ་ལྟོས་པར་རང་བཙན་ཡོད་པའི་རྒྱལ་ཁབ་ལྟ་བུ་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྲིད་གཞུང་ཞིག་ཏུ་བསྒྱུར། ད་ལྟའི་ཆར་བོད་མི་མང་པོ་ཞིག་འཛམ་གླིང་ཤར་ནུབ་གང་སར་གནས་སྡོད་བྱས་ཡོད་པ་དང་། བཙན་བྱོལ་བོད་གཞུང་ཡང་རྟེན་གཞི་གཙོ་བོ་མིའི་ལུང་པར་ཆགས་ཡོད་ཀྱང་། དབུས་དང་ཡན་ལག་གི་ལས་ཁུངས་ཁག་དང་། ཕྱི་རྒྱལ་གྱི་དོན་གཅོད་ཁང་ཁག དགོན་སྡེ་དང་སློབ་གྲྭ། དམག་སྒར་སོགས་ཕྱོགས་གང་ནས་བལྟས་ཀྱང་ཨ་བྲ་ཆུང་ཡང་གཟུགས་བཞི་ཚང་ཞེས་པ་ལྟ་བུར་གྱུར་ཡོད། སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའང་ཐད་ཀར་མི་མང་གིས་འོས་འདེམས་བྱེད་བཞིན་ཡོད་པ་དང་། ལོ་ལྔ་རེའི་མཚམས་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་བཅས་མང་གཙོའི་ལམ་ལུགས་ཀྱི་མ་ལག་ཡོངས་སུ་ཚང་བ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག་པ་ཞིག་རེད།

འོན་ཀྱང་དཀའ་ངལ་ཆེ་ཤོས་གཉིས་ཡོད་པ་ནི། བཙན་བྱོལ་བོད་གཞུང་གིས་འཛིན་སྐྱོང་ཚགས་ཚུད་ཡོང་བར་ནུས་ཤུགས་གང་ཡོད་འདོན་པ་ཙམ་ལས། གལ་ཆེ་ཤོས་ཡིན་པའི་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ནུས་པ་རྒྱ་ཆེན་པོ་འདོན་ཐུབ་ཀྱི་མེད། ད་བར་དཔལ་འབྱོར་གྱི་ཐོག་ནས་རང་སྐྱ་ཡོངས་སུ་འཕེར་བ་ཞིག་གཏན་ནས་ཡོང་ཐུབ་མེད། དེ་ཡང་མིའི་ལུང་པར་ཁྲལ་བསྡུའི་ལམ་ལུགས་ལ་བརྟེན་ནས་ཡོང་འབབ་རྒྱ་ཆེན་པོ་ཞིག་བཟོ་ཐུབ་པའི་ཁོར་ཡུག་མེད་ལ། ཐོན་སྐྱེད་དང་ཚོང་ལས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ནུས་པ་གང་ཡང་མེད་པར་ངོས་འཛིན་བྱས་ན། གཞན་གྱི་རོགས་རམ་ཁོ་ན་ལ་བརྟེན་ནས་ཡུན་རིང་གནས་ཐབས་མེད་པ་རིམ་པས་ར་འཕྲོད་ཡོང་གི་འདུག བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་ཆེ་ཤོས་བྱེད་མཁན་གཅིག་ཨ་རིའི་སྲིད་གཞུང་ཡིན་ནའང་། སྲིད་འཛིན་ཌོ་ནལ་ཊོམ་བསྐྱར་དུ་སླེབས་པ་ནས་བཟུང་། ཨ་སྒོར་ས་ཡ་བཅུ་བཞི་ཙམ་རེ་ཡོང་བཞིན་པ་ནས་ས་ཡ་གཉིས་མ་གཏོགས། ཨ་སྒོར་ས་ཡ་བཅུ་གཉིས་མུ་མཐུད་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་ཟིན་འདུག

ཡོང་འབབ་དེ་ནི་རོབ་རྩིས་ཧིན་སྒོར་འབུམ་༡༠༤༥༦ (འབུམ་ཆིག་ཁྲི་སྟོང་མེད་བཞི་བརྒྱ་ལྔ་བཅུ་ང་དྲུག་)ཙམ་ཡིན་པ་དང། བཙན་བྱོལ་བོད་གཞུང་ལ་མཚོན་ན་དངུལ་འབོར་དེ་ཧ་ཅང་ཆེན་པོ་རེད། མ་འོངས་པར་རོགས་རམ་གཞན་དག་ཀྱང་རག་ཐུབ་པའི་ངེས་པ་ཆེར་མེད་པས། མུ་མཐུད་སྲིད་གཞུང་གི་ངོ་བོའི་ཐོག་ནས་གནས་ཐུབ་མིན་ལ་ཐེ་ཚོམ་ཡོད་པ་དང་། ལས་གཞི་རྒྱ་ཆེན་པོ་དང་མང་པོ་སྤེལ་མི་ཐུབ་པ་ནི་ཧ་ཅང་གསལ་པོ་རེད། སྲིད་གཞུང་གི་མ་ལག་རྣམས་ད་ཡོད་ལས་འཁུ་བསྡུ་བྱས་ནས་མཚོན་དོན་ཙམ་དུ་བསྒྱུར་རྒྱུ་དང་། སློབ་གྲྭ་ཁག་མུ་མཐུད་དུ་གནས་ཐབས་བྱ་རྒྱུ་གཙོ་བོར་བཟུང་ནས། གཞན་གཙོ་ཆེ་ཤོས་འཐབ་རྩོད་ཁོ་ན་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཐུབ་ན་ཕན་ཐོགས་ཆེ་བ་མེད་དམ་སྙམ། ད་ལྟའི་ཆར་ང་ཚོའི་གནས་སྟངས་དངོས་ལས་བརྒལ་ནས་སྲིད་གཞུང་གི་རྣམ་པ་རྒྱ་ཆེ་དྲགས་པ་དང་། མི་མང་གི་སེམས་ནང་དུའང་ནང་ཁུལ་དུ་ཤོག་ཁག་དབར་དབང་ཆའི་འཐབ་རྩོད་ལ་ཆགས་སྡང་བྱེད་པ་ལས། བོད་དོན་འཐབ་རྩོད་ཀྱི་བསམ་བློ་ནི་རྒྱང་རིང་དུ་ཕྱིན་པའི་རྣམ་པ་འདུག

མདོར་ན་ད་ལན་ཨ་རིའི་གཞུང་གིས་རོགས་རམ་བཅད་ནས་བཙན་བྱོལ་བོད་གཞུང་དེ་ལས་འགུལ་མང་པོ་སྤེལ་རྒྱུ་གཙོ་བོར་འཛིན་མཁན་ཞིག་ལས། ཤོག་ཁག་དང་དབང་ཆའི་འཐབ་རྩོད་ལ་བརྟེན་ནས་འགལ་འབྲེལ་མང་པོར་དོ་སྣང་མི་དགོས་པ་ཞིག་ཏུ་བསྒྱུར་ཐུབ་ན་ནུས་པ་དང་རེ་བ་ཆེ་བར་སྣང་། ཀློ་སྒྲིག་འཛུགས་ཀྱང་ཨ་རིའི་གཞུང་གི་རོགས་རམ་འོག་བཙུགས་ཏེ་ལས་དོན་སྒྲུབ་བཞིན་པའི་སྐབས་རོགས་རམ་བཅད་ནས་ཀློ་སྒྲིག་འཐོར་བ་དང་། ནང་ཁུལ་དུ་འགལ་ཟླ་མང་པོ་བྱུང་བ་བཞིན་ད་ལན་བསྐྱར་དུ་མི་ཡོང་བ་བྱེད་དགོས། སྐབས་རེ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ཡིན་བསམ་མཁན་དག་དང་། དྲུང་ཆེ་སོགས་གཞུང་ཞབས་ཆེ་ཆུང་ཚང་མ་སྣང་བ་དག་ནས་དངོས་གནས་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ལྟ་བུའི་རྨི་ལམ་གཏོང་རྒྱུ་མང་དྲགས་འདུག གང་ལྟར་འཐབ་རྩོད་ལ་ནུས་པ་ཐོན་ན་བཙན་བྱོལ་བོད་གཞུང་ལ་ནུས་པ་ཡོད་ལ། འཐབ་རྩོད་ལ་ནུས་པ་མེད་ན་བཙན་བྱོལ་བོད་གཞུང་ལའང་རིམ་པས་ནུས་པ་གང་ཡང་མེད་པས་སྒྲིག་འཛུཌ་ཀྱི་ཁ་ཕྱོགས་བསྒྱུར་རྒྱུའི་དུས་ལ་བབ་འདུག་སྙམ།།