གྲོས་ཚོགས་ལས་ཉིན་༣ པར་བདེ་སྲུང་དང་ཕྱི་དྲིལ་གྱི་སྔོན་རྩིས་དང་འབྲེལ་བའི་སྤྱི་ཡོངས་བགྲོ་གླེང་སོགས་གནང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་འགོ་བཙུགས་སོང་།

སྐབས་དེར་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། བདེ་སྲུང་གི་ལས་ཀ་དེ་༧གོང་ས་མཆོག་གི་སྐུ་སྲུང་ཙམ་མ་ཡིན་པར། བསྟན་བདག་བླ་ཆེན་གཞན་ལ་མཚན་སྨད་ཞུ་མཁན་རྣམས་ལའང་དགོངས་པ་བཞེས་དགོས་པ། རྒྱ་གཞུང་གིས་དྲྭ་མིང་རྫུན་མ་བཟོས་ནས་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བཞིན་པའི་ཐོག་དོ་སྣང་བྱེད་ཀྱི་ཡོད་མེད། བལ་ཡུལ་ནང་གི་བོད་མི་ཚོ་ལ་ཡིག་ཆ་དང་འབྲེལ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཐོག་བཀའ་ཤག་གིས་ཕྱག་ལས་ག་ཚོད་གནང་ཐུབ་ཡོད་མེད། ཕྱི་རྒྱལ་ནས་བོད་མིའི་གཞིས་ཆགས་ཁག་ནང་ཕེབས་མཁན་རྣམས་ནས་ (PAP) བཀའ་ཁྲོལ་ཞུ་ཕྱོགས། དེ་བཞིན། རྒྱ་གར་དུ་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་སོགས་ཉུང་དུ་འགྲོ་བཞིན་པ་དང་བསྟུན། མ་འོངས་པ་སུ་གཏོང་འཆར་ཡོད་མེད་སོགས་ཀྱི་དྲི་བ་དང་། དགོངས་ཚུལ་ཕུལ་བར། བདེ་སྲུང་བཀའ་བློན་ནས། བོད་པའི་རྩ་དོན་ལ་གནོད་བྱེད་ཀྱི་གནས་ཚུལ་རྫུན་མ་སོགས་ལ་གདོང་ལེན་བྱེད་ཆེད། ཛ་དྲག་དཀའ་ངལ་གདོང་ལེན་ཚོགས་ཆུང་ཞེས་པ་ཞིག་བཙུགས་ཡོད་ཅེས་དང་། བལ་ཡུལ་གཞུང་གིས་ཕྱི་ལོ་༡༩༨༩ ཟླ་༡༢ ཚེས་༣༡ སྔོན་དུ་ཡོང་མཁན་ཚོ་ལ་མ་གཏོགས་སྐྱབས་བཅོལ་གྱི་ངོ་བོ་ལ་ངོ་བཞེས་གནང་གི་མེད་པར་བརྟེན། མ་འོངས་པ་བལ་ཡུལ་དུ་ཡོད་མཁན་བོད་པ་ཚོ་ལ་དཀའ་ངལ་འཕྲད་སྲིད་པའི་རྒྱུ་མཚན་གྱིས་ཡིག་ངག་གཉིས་ཀྱིས་དཀའ་ལས་རྒྱག་བཞིན་ཡོད་པ། ཨོ་གླིང་དུ་གཞིས་སྤོའི་ལས་གཞི་དང་འབྲེལ། ད་ལྟའི་ཆར་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་སོགས་མང་དག་ཅིག་ལྷག་ཡོད་པ་གསལ་བཤད་ལན་འདེབས་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་ཕོག་བཅས་ཀྱི་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་རིང་ལས་ཉིན་༣ པའི་ཚོགས་ཐུན་༢ པ་ནས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས། བོད་ནས་གསར་དུ་ཡོང་མཁན་ཚོའི་དཀའ་སྡུག་མཚོན་ཐུབ་པའི་པར་རིས་མང་དག་ཅིག་བལ་ཡུལ་དང་དྷ་ས་སྣེ་ལེན་ཁང་དུ་ཡོད་པ་དག ཕྱོགས་བསྡུས་ཀྱིས་འགྲེམས་སྟོན་ཁང་དུ་བཤམ་ཐུབ་དགོས་པ་གནད་འགག་ཆགས་ཀྱི་ཡོད་པ། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང་ད་ལྟ་ལས་གནས་ནས་དགོངས་པ་ཞུས་ཟིན་པའི་ཟུར་པ་རྣམས་ལ་མཇལ་འཕྲད་གནང་དགོས་པ། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་བབ། རྒྱ་གཞུང་གིས་ཁེ་ན་ཌར་གནས་སྡོད་བོད་མི་ཁག་ཅིག་ལ་སྲིད་དོན་ཉེས་ཆད་བཅད་པར་སྲིད་སྐྱོང་གིས་དུས་ཐོག་ལན་འདེབས་ཕུལ་ཐུབ་མེད་པ་དང་། བོད་ནང་ས་འགུལ་དང་འབྲེལ། རྒྱ་ནག་གི་ས་འགུལ་རིམ་པ་༦།༨ ལ་གཞི་བཞག་ནས་སྲིད་སྐྱོང་དང་གཞུང་འབྲེལ་དྲྭ་རྒྱའི་ཐོག་སྤེལ་དོན་གང་ཡིན་མིན་སོགས་ཀྱི་དོགས་དྲིས་དང་དགོངས་ཚུལ་གསུངས་པར། ཕྱི་དྲིལ་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་ནས་ལས་ཉིན་གསུམ་པ་མཇུག་གྲུབ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།