དེ་རིང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་སྔོན་རྩིས་གཏན་འབེབས་བཅས་གནང་སོང་།
ཟླ་འདིའི་ཚེས་༢༠ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཞི་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་གནང་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས། སྣར་ཐང་པར་ཁང་གི་ལས་དོན་བྱེད་ཕྱོགས། ས་ཁྲ་ཚད་ལྡན་དགོས་རྒྱུ་གལ་ཆེན་ཡིན་པ། ཡུལ་སྐོར་སྤྲོ་འཆམ་པ་འདུ་སའི་བོད་མིའི་ས་གནས་ཁག་ཏུ་བོད་ཀྱི་འཐབ་རྩོད་དྲིལ་བསྒྲགས་ཆེད། ས་གནས་སུ་དྲིལ་བསྒྲགས་ཚན་པ་འཛུགས་རྒྱུ་གལ་ཆེན་ཡིན་པ། ཨ་རིའི་རོགས་དངུལ་མཚམས་འཇོག་དང་འབྲེལ། དུས་ཐོག་ཨ་རི་ལ་ཕེབས་མ་ཐུབ་པ་ནི་འཐུས་ཤོར་ཡིན་པ། དགུན་ཚོང་རྒྱག་ས་ཁག་ལ་བོད་དོན་དྲིལ་བསྒྲགས་ཚན་པ་འཛུགས་པའམ། ལས་འགུལ་སྤེལ་ཐུབ་དགོས་གལ་ཆེ་བ། གོ་སྟོན་དང་འབྲེལ་ས་གནས་མངའ་སྡེའི་གྲོས་ཚོགས་ཁག་ནང་གྲོས་ཆོད་འཇོག་ཐབས་བྱེད་དགོས་པ། སྐོར་བསྐྱོད་འགྲེམས་སྟོན་དེ་ཕན་ཐོགས་བྱུང་ཡོད་པས་དེ་མུ་མཐུད་དགོས་པ། བོད་ནང་གི་ཛ་དྲག་གི་གནས་ཚུལ་དུས་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད་མེད། གཞུང་གསར་པ་དང་རྙིང་པ། དེ་བཞིན་ལས་ཐོག་དང་རྒས་ཡོལ་དུ་ཕེབས་པ་ཚང་མ་ལ་འབྲེལ་བ་བྱེད་རྒྱུ་གལ་ཆེན་ཡིན་པ། རྒྱ་ནག་ལ་ཁ་གཏད་གཅོག་མཁན་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་ཡུ་གུར་སོགས་མ་གཏོགས། བོད་དང་བོད་མི་ཞེས་ཚིག་གཅིག་བེད་སྤྱོད་བཏང་མེད་པས། བོད་གཞུང་དང་སྲིད་སྐྱོང་། ཨ་རིའི་དོན་གཅོད་བཅས་ཀྱིས་ཁོང་ལ་ཟུར་ནས་འབྲེལ་བ་དང་ཕྱག་བྲིས་ཕུལ་ཡོད་མེད། ང་ཚོའི་ངོས་ནས་ཆབ་སྲིད་ཙམ་མ་ཡིན་པར། ཆོས་དང་རིག་གཞུང་གི་ཐོག་འབྲུག་གཞུང་དང་འབྲེལ་བ་གནང་ཡོད་མེད། དེབ་སེར་པོ་དང་འབྲེལ་བའི་དཀའ་ངལ་སོགས་ཀྱི་ཐོག་ལ་དོགས་འདྲི་དང་དགོངས་ཚུལ་ཕུལ་པར། དཔལ་ལྡན་སྲིད་སྐྱོང་གིས་ད་ལྟའི་ཆར་ཨ་རི་གཞུང་གི་ལས་དོན་ཚགས་ཚུད་ལས་ཁུངས་(DOGE) ཀྱི་མི་སྣ་དང་ཐུག་འཕྲད་གནང་ཐུབ་ཀྱི་མེད་པ་གསལ་བཤད་གནང་བ་དང་། དེ་བཞིན་ཕྱི་དྲིལ་བཀའ་བློན་གྱིས། མ་འོངས་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཕེབས་ནས་གཞུང་ཚབ་ཁག་དང་གནད་ཡོད་མི་སྣ་ལ་མཇལ་འཕྲད་བྱས་ནས། བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་། པཎ་ཆེན་རིན་པོ་ཆེ་སོགས་དང་འབྲེལ། བདུན་ཕྲག་གཅིག་ཙམ་གྱི་རིང་། ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ། མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་ནས་གསར་འགྱུར་སྙན་སྒྲོན་ཞུ་མཁན་ནང་འཛུལ་ཞུགས་བྱེད་མཁན་མེད་པར་བརྟེན། ད་ལྟ་མཚམས་འཇོག་བྱས་ཡོད་པ་སོགས་ཀྱི་ཐོག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་གྱི་སྔོན་རྩིས་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང་ནས་ལས་ཉིན་བཞི་པ་མཇུག་བསྒྲིལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།