གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་གནས་མཇལ་ཆེད་དུ་ཧིན་བོད་ས་མཚམས་སྒོ་འབྱེད་རྒྱུ་ཡིན་འདུག 

བོད་ཀྱི་སྟོད་ཕྱོགས་སུ་ཡོད་པའི་གནས་ཆེན་གངས་རིན་པོ་ཆེ་ནི་བོད་པ་ཙམ་མ་ཟད་། རྒྱ་གར་གྱི་མི་རིགས་ཚོས་གནས་རྩ་ཆེན་པོ་བརྩི་གི་ཡོད་པ་དང་། འདས་པའི་ལོ་མང་རིང་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ལ་བརྟེན་ནས་རྒྱ་ནག་གིས་ལོ་ལྔའི་རིང་གངས་རིན་པོ་ཆེ་ལ་གནས་མཇལ་འགྲོ་རྒྱུར་བཀག་ཡོད་ཀྱང་ད་ཆར་སྒོ་འབྱེད་རྒྱུ་ཡིན་འདུག 

ཕྱི་ཚེས་༢༦ ཉིན་(The Telegraph Online)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་མི་ལོ་ལྔའི་རིང་ཧིན་བོད་གཉིས་ཀྱི་ས་མཚམས་ནས་གངས་རིན་པོ་ཆེ་ལ་གནས་མཇལ་འགྲོ་རྒྱུ་རྒྱ་ནག་གཞུང་གིས་བཀག་ཡོད་པ་དང་། གངས་རིན་པོ་ཆེ་ནི་བོད་པ་ཙམ་མ་ཡིན་པར། རྒྱ་གར་གྱི་མི་རིགས་ཚོས་ཧིན་དཱུའི་ཆོས་ལུགས་ཀྱི་གནས་རྩ་ཆེན་པོ་བརྩི་གི་ཡོད་འདུག་པར་བརྟེན། ད་ཆར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་དང་། ཏོག་དབྱིབས་ནད་དུག་སོགས་ཀྱི་རྩོད་རྙོག་མང་པོ་ཞིག་འདུམ་སྒྲིག་ཡོང་བཞིན་པའི་སྐབས་འདིར། མི་ལོ་༥ ལྔའི་རྗེས་སུ་ཧིན་བོད་ས་མཚམས་ནས་གངས་རིན་པོ་ཆེ་ལ་གནས་མཇལ་ཆེད་དུ་ས་མཚམས་སྒོ་འབྱེད་རྒྱུ་ཡིན་པར་བརྗོད་འདུག རྒྱ་གར་ཕྱི་སྲིད་ལྷན་ཁང་ནས་བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ (the Kailash Mansarovar Yatra)གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ཀྱི་གནས་མཇལ་དེ་འདི་ལོའི་ཕྱི་ཟླ་༦ པ་ནས་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། ཕྱི་ཟླ་༨ པ་བར་ཟླ་བ་གཉིས་རིང་སྒོ་འབྱེད་རྒྱུ་ཡིན་པར་བརྗོད་འདུག དེ་ཡང་གངས་རིན་པོ་ཆེར་གནས་མཇལ་འགྲོ་སའི་ལམ་ཀ་གཉིས་ཡོད་འདུག་པ་དང་། གཅིག་ཨུ་ཏར་ཁན་(Uttarakhan)མངའ་སྡེའི་(Lipulekh Pass)ཟེར་བ་བརྒྱུད་ནས་འགྲོ་རྒྱུའི་སྒོ་འབྱེད་རྒྱུ་དང་། གཉིས་པ། འབྲས་ལྗོངས་མངའ་སྡེའི་རྣ་ཐོད་ལ་བརྒྱུད་ནས་འགྲོ་ཆོག་གི་ཡོད་པར་བརྗོད་འདུག 

གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཡུ་མཚོ་གཉིས་ནི་ཧིན་དཱུའི་ཆོས་ལུགས་ནང་ལྷ་དབང་ཕྱུག་གི་གནས་རྩ་ཆེན་པོ་བརྩི་གི་ཡོད་འདུག གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཡུ་མཚོ་གཉིས་བོད་སྟོད་ཕྱོགས་ཀྱི་ས་ཁུལ་དུ་ཡོད་ཅིང་། བོད་པ་ཡང་གནས་མཇལ་འགྲོ་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཕྱི་ལོ་༢༠༢༠ ལོར་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་འགྲོ་རྒྱུ་དེ། རྒྱ་ནག་ནས་ཏོག་དབྱིབས་ནད་དུག་དང་། ལ་དྭགས་ས་མཚམས་སུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་བྱུང་པའི་རྐྱེན་གྱིས་མཚམས་བཞག་ཡོད་འདུག འོན་ཀྱང་། ལོ་སྔོན་མར་ཨུ་རུ་སུའི་གྲོང་ཁྱེར་(Kazan)དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མུ་དྷི་གཉིས་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་བར་གྲོས་མོལ་གྱི་ལམ་ནས་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་འདུག་ལ། དེ་རྗེས་སུ་ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་རྗེས་ད་ཆར་སྒོ་འབྱེད་རྒྱུ་བྱུང་ཡོད་འདུག་ལ། གནས་མཇལ་འགྲོ་འདོད་མཁན་ཚོ་དྲྭ་ཐོག་བརྒྱུད་ནས་ཐོ་འགོད་དགོས་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།