པཎ་ཆེན་རིན་པོ་ཆེ་བཙོན་འཇུག་བྱས་ནས་ལོ་༣༠ འཁོར་བའི་ཡིད་སྐྱོའི་ཉིན་མོ་རྗེས་དྲན་གྱི་ལས་འགུལ་སྤེལ།

ཕྱི་ཟླ་ ༥ པ་ཨ་རིའི་ཚེས་ ༡༧ རེས་གཟའ་ཉི་མའི་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག རྒྱ་དམར་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཡིད་སྐྱོའི་ཉིན་མོ་དང་། འཛམ་གླིང་གི་བཙོན་པ་ལོ་ན་ཆུང་ཤོས་ཀྱི་རང་དབང་འཐབ་རྩོད་ཀྱི་ཉིན་མོར་གྱུར་ཡོད་པ་ལྟར།
ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་ཁུར་གཙོ་བོ་བཞེས་པའི་ཐོག ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ། བཀྲིས་ལྷུན་པོའི་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག
སྔ་དྲོའི་ཕྱག་ཚོད་ ༡༠ པར་འཇག་སེན་ཧ་ཊིར་(Jackson Heights) ལས་འགུལ་ངོ་སྤྲོད་ཀྱིས་མཛད་སྒོ་ཞིག་འཚོགས་སོང་། སྐབས་དེར་བོད་མི་བརྒྱ་ལྷག་ཙམ་འདུ་འཛོམས་བྱུང་འདུག
ལས་འགུལ་གོ་སྒྲིག་ཚོགས་ཆུང་ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་ཚེ་རིང་གིས་དུས་དྲན་དང་འབྲེལ་བའི་ལས་འགུལ་ངོ་སྤྲོད་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ནོར་བུ་ལྷ་མོས་དབྱིན་སྐད་ཐོག་ལས་འགུལ་ངོ་སྤྲོད་བྱས།
སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་ཟུར་ངག་དབང་ཐར་པ་དང་། ས་གནས་ཕེ་ལ་ཟླ་ཧྥི་ཡ་ཡི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། རྒྱལ་གཅེས་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་བཅས་ནས་རིམ་པ་བཞིན་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་འཚམས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བྱས་སོང་།

སྐུ་མགྲོན་སྤྱི་ཟུར་ངག་དབང་ཐར་པས་ལས་འགུལ་འགོ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་ཏེ་གོམ་བགྲོད་འགོ་འཛུགས་གནང་། ལམ་བར་དུ་ལས་འགུལ་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་། ༸གོང་ས་མཆོག་གི་སྐུ་པར་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་པར་མཉམ་དུ་ཁྱེར་ཏེ། “བོད་ལ་རང་དབང་དགོས།” “པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་གཏོང་དགོས།” “སོགས་ཀྱི་འབོད་ཚིག་བསྒྲགས།
ཐོག་མར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བར་དུ་གོམ་བགྲོད་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་གཞོན་ནུའི་ཚོགས་གཙོ་དང་། ས་གནས་ཆུ་སྒང་ཚོགས་གཙོ་གཉིས་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ། དེ་ནས་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་བྱས་ཏེ། ད་ཆ་ལོ་ན་སོ་དྲུག་ལ་ཕེབས་པའི་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དང་གང་དུ་ཡོད་མེད་ཀྱི་གནས་ཚུལ་མྱུར་དུ་བསྒྲགས་དགོས་པའི་འབོད་སྐུལ་བྱས།
དེར་སྐད་འབོད་ཆུ་ཚོད་གཅིག་རྒྱབ་རྗེསཉིན་དེའི་་ལས་འགུལ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་རེད།།
ས་གནས་འབྲེལ་ཡོད་གཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་།
