ཡོང་རྒྱུའི་ཆུ་ཚོད་༤༨ ནང་རོགས་སྐྱོར་མ་འབྱོར་ཚེ་གྷ་ཛའི་ནང་བྱིས་པ་སྟོང་ཚོ་མང་པོ་ལྟོགས་ཤི་ཐེབས་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག

ཨི་སི་རེལ་དང་ཧ་མ་སི་གཉིས་བར་དམག་འཁྲུག་བྱུང་རྗེས་གྷ་ཛའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་དགེ་རྩ་རོགས་རམ་གནང་གི་ཡོད་འདུག་ཀྱང་། ཨི་སི་རེལ་གྱིས་མི་ཆོས་དགེ་རྩ་རོགས་རམ་དག་ད་ཆར་བཀག་འགོག་ཤུགས་ཆེན་པོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་མི་མང་དང་བྱིས་པ་སྟོང་ཚོ་མང་པོ་ལྟོགས་ཤི་ཐེབས་རྒྱུའི་ཉེན་ཁ་ཡོད་འདུག
ཕྱི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་དང་། ཁེ་ན་ཌ། ཧྥ་རན་སི་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་གིས། གྷ་ཛའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་དགེ་རྩ་ཚོགས་པས་རོགས་སྐྱོར་མང་པོ་ཞིག་བཏང་ཡོད་ཀྱང་། ཨི་སི་རེལ་གྱིས་བཀག་འགོག་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་འདས་པའི་ཟླ་བ་གཉིས་རིང་ས་གནས་མི་མང་ལ་རོགས་སྐྱོར་འབྱོར་མེད་པ་དང་། ད་དུང་མི་ཆོས་དགེ་རྩའི་རོགས་རམ་རྣམས་མུ་མཐུད་ནས་བཀག་འགོག་བྱས་ཚེ་གྷ་ཛའི་ནང་དུ་མི་མང་ཁྲོད་མུ་གེ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཨི་སི་རེལ་ལ་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་དགེ་རྩའི་རོགས་རམ་པ་ལི་སི་ཐན་གྱི་ས་མཚམས་སུ་འབྱོར་ཡོད་ཀྱང་། གྷ་ཛའི་ནང་དུ་གཏོང་རྒྱུ་ཨི་སི་རེལ་གྱིས་བཀག་འགོག་ཤུགས་ཆེན་པོ་བྱས་ནས་མི་མང་ལ་རོགས་རམ་དེ་དག་འབྱོར་གྱི་མེད་པར་བརྗོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་(Stephane Dujarric)ཡིས་ང་ཚོ་མི་ཆོས་དགེ་རྩ་ཚོགས་པའི་རོགས་རམ་སྐྱེལ་མཁན་རྣམས་ས་མཚམས་སུ་དུས་ཡུན་རིང་པོར་བསྒུགས་ནས་ཨི་སི་རེལ་གྱི་ཆོག་མཆན་རག་ཐབས་བྱས་ཀྱང་། དམག་ས་རང་ལ་རོགས་སྐྱོར་གཏོང་ཐུབ་ཀྱི་མེད་པར་བརྗོད་འདུག གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་མཁས་པ་ཚོས་གྷ་ཛའི་ནང་མུ་གེ་ཡོང་རྒྱུའི་ཉེན་བརྡ་བཏང་རྗེས་ཨི་སི་རེལ་གྱིས་གྷ་ཛའི་ས་ཁུལ་དུ་རོགས་སྐྱོར་བཏང་ཡོད་ཚུལ་བརྗོད་འདུག
དབྱིན་ཡུལ་གྱི་སྲིད་བློན་(Keir Starmer )ཡིས་ཨི་སི་རེལ་གྱིས་གྷ་ཛའི་ནང་དམག་འཁྲུག་མུ་མཐུད་རྒྱག་བཞིན་པ་ནི་བཟང་སྤྱོད་ཐོག་ནས་དྲང་པོ་མེད་པར་བརྟེན། གལ་སྲིད་ཨི་སི་རེལ་གྱིས་གྷ་ཛའི་ནང་མི་མང་ཐོག་དམག་འཁྲུག་རྒྱག་བཞིན་པ་དེ་མཚམས་འཇོག་མ་བྱས་ཚེ། འབྱུང་འགྱུར་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་སྐོར་གྲོས་མོལ་བྱེད་རྒྱུ་མིན་པར་བརྗོད་འདུག དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་(Kaja Kallas)ཡིས་ཡོ་རོབ་མཐུན་ཚོགས་ནང་ཨི་སི་རེལ་གྱིས་མི་ཆོས་དགེ་རྩའི་རོགས་རམ་བཀག་འགོག་བྱེད་པ་དེ་ལ་བསྐྱར་ཞིབ་བྱས་ནས་མ་འོངས་པར་ཨི་སི་རེལ་དང་ཡོ་རོབ་མཐུན་ཚོགས་བར་ཚོང་འབྲེལ་གྲོས་མོལ་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྷ་ཛའི་ནང་གི་མི་མང་ཚོ་མུ་གེ་ཡི་ཉེན་ཁ་ལས་སྐྱོབ་ཆེད་བཟའ་ཆས་དང་། སྨན་སོགས་མི་ཆོས་དགེ་རྩའི་རོགས་རམ་ཉིན་རེ་ལ་དོས་སྐྱེལ་རླངས་འཁོར་༦༠༠ ཙམ་དགོས་པར་བརྗོད་འདུག
དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚན་པའི་འགན་འཛིན་(Mr Fletcher)ཟེར་བ་དེ་ཡིས་བྷི་བྷི་སི་ལ། ཡོང་རྒྱུའི་ཆུ་ཚོད་༤༨ ནང་བྱིས་པ་རྣམས་ལ་མཁོ་བའི་སྨན་དང་བཟའ་ཆས་སོགས་དུས་ཐོག་ཏུ་འབྱོར་མ་ཐུབ་ཚེ་བྱིས་པ་༡༤༠༠༠ གི་སྲོག་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང་། བྱིས་པ་དེ་དག་ཟས་བཅུད་ཀྱིས་མི་འདང་བ་དང་། ཚ་བ་འཕར་བ། གཞན་ནད་རིགས་འདྲ་མིན་ཕོག་ནས་ཉེན་ཁའི་གནས་སུ་ལྷུང་ཡོད་པར་བརྗོད་འདུག བྱིས་པ་དེ་དག་ནི་ལོ་༤ ནས་༦ བར་གྱི་བྱིས་པ་རྐྱང་རྐྱང་ཡིན་ཞིང་། ཁོང་ཚོ་ཟས་བཅུད་མི་འདང་བའི་རྐྱེན་གྱིས་ན་ཚ་མང་པོ་ཡོང་གི་ཡོད་པ་དང་། ཨ་མ་ཚོ་ལ་ཡང་ཟས་བཅུད་མེད་པའི་རྐྱེན་གྱིས་བྱིས་པ་གསོ་ཐུབ་ཀྱི་མེད་པར་བརྗོད་འདུག
ཧ་མ་སིའི་འཕྲོད་བསྟེན་བློན་ཆེན་གྱིས་བདུན་ཕྲག་སྔོན་མ་གཅིག་པུའི་ནང་བྱིས་པ་༥༧ འདས་གྲོངས་སུ་གྱུར་ཡོད་པར་བརྗོད་འདུག ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)་ཡིས་ཁ་སང་གཟའ་མིག་དམར་ནས་ཨི་སི་རེལ་གྱིས་རོགས་རམ་རྣམས་གྷ་ཛའི་ནང་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་པས། དེ་ལ་དགའ་བསུ་ཡོད་ཚུལ་བརྗོད་འདུག དེ་རིང་དབྱིན་ཡུལ་གྱི་ངོས་ནས་ཨི་སི་རེལ་གྱི་མཐོ་རིམ་མི་སྣ་འགའ་ཤས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག ད་བར་ཨི་སི་རེལ་གྱིས་གྷ་ཛའི་ནང་ཁྱོན་མི་མང་༥༣༤༧༥ བསད་ཡོད་འདུག་ཅིང་། ཧ་མ་སི་ཡིས་ཨི་སི་རེལ་གྱི་མི་༡༢༠༠ ཙམ་བསད་ནས་མི་༢༥༡ ཙམ་བཙན་ཁྲིད་བྱས་ཡོད་པར་བརྟེན། ཨི་སི་རེལ་གྱིས་ཧ་མ་སི་ཡིས་བཙན་ཁྲིད་བྱས་པའི་མི་ཚང་མ་གློད་བཀྲོལ་མ་ཐོབ་བར་གྷ་ཛའི་ནང་དམག་མཚམས་འཇོག་རྒྱུ་མིན་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།