སྰི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་དབུ་འཛུགས་གནང་སོང་།

ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བདུན་རིང་གི་བོད་པའི་སློབ་གྲྭ་ཁག་གི་སྰི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སྰི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༢༡ ཉིན་གྱི་ཞོགས་པ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བདུན་རིང་གི་བོད་པའི་སློབ་གྲྭ་ཁག་གི་སྰི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སྰི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་དབུ་འཛུགས་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་དང་། ཟབ་སྦྱོང་གནང་མཁན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན། དེ་བཞིན་རྒན་བཙོན་འགྲུས་བསམ་འཕེལ་གཙོས་སློབ་གྲྭ་ཁག་དང་ཤེས་ཡོན་གྱི་སྡེ་ཚན་ཁག་ནས་མཉམ་ཞུགས་གནང་མཁན་དགེ་རྒན་སོགས་ཁྱོན་མི་༦༦ ཕེབས་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་གྱིས། མ་འོངས་པའི་མི་རབས་གཞོན་པ་དེ་གཞན་གྱི་མཐོང་ཆུང་བྱེད་ས་དང་། ཐུབ་ཚོད་གཏོང་ས་ཞིག་བཟོ་རྒྱུ་མིན་པར། མི་རབས་གཞོན་པ་སོ་སོས་འཚོ་བ་སྐྱེལ་ཐུབ་མཁན་དང་སེམས་ལ་ཡང་བདེ་སྐྱིད་ཡོད་མཁན་ཞིག་བཟོ་རྒྱུའི་ལས་འགན་ཡོད་པའི་སྐོར་དང་། བོད་མི་རིགས་དེ་ཡར་ལངས་དགོས་ན། ཤེས་ཡོན་གྱི་ཐོག་ནས་ལངས་དགོས་པ་མ་གཏོགས་གནས་སྐོར་དང་སྒོར་གཞས་འཁྲབ་ནས་ལང་ཡ་མ་རེད་ཅེས་དང་། རྒྱ་གཞུང་གིས་གསོད་ཀྱི་འདུག་ཟེར་ནས་སེམས་ཕམ་བྱས་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་ན་ཡང་། མི་རབས་གཞོན་པ་ཚོས་གཟུགས་པོ་འཕྲོད་བསྟེན་ཡག་པོ་མ་བྱས་པར་དོན་མེད་ན་བ་དང་། འཆི་མ་རན་གོང་ནས་ཤི་ན། ཧ་ཅང་ཕམ་པོ་ཡིན་པས། ཟ་སྟངས་སྡོད་སྟངས་ཤེས་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་སོང་།

འདི་གའི་གསར་འགོད་པས་ཟབ་འཁྲིད་གནང་མཁན་དགེ་བཤེས་བློ་བཟང་བསྟན་འཛིན་ལ་སྰི་ཤེས་ཡོན་སློབ་གསོའི་ཁྱབ་ཚད་དང་འབྲེལ་བཀའ་འདྲི་ཞུས་པར། ཁོང་གིས་སྰི་ཤེས་ཡོན་དེ་རྒྱལ་ཁབ་བདུན་ཅུ་དོན་བརྒྱད་ཙམ་གྱི་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༢༤ ཟླ་༥ པའི་ནང་བསྡུ་རུབ་བྱས་པའི་གྲངས་ཐོ་ལྟར་ན། འཛམ་གླིང་ཁྱོན་ཡོངས་ནས་སློབ་ཕྲུག་ས་ཡ་༡༧ ལྷག་གིས་སྰི་ཤེས་ཡོན་སློབ་སྦྱོང་བྱེད་བཞིན་པ་དང་། དགེ་རྒན་འབུམ་༥ ལྷག་ལ་སྰི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་ཐོབ་ཡོད་པར་གསུངས་བྱུང་།

ཟབ་འཁྲིད་གནང་མཁན་དགེ་བཤེས་བློ་བཟང་བསྟན་འཛིན་དང་བརྩོན་འགྲུས་བསམ་འཕེལ་རྣམ་གཉིས་ཀྱིས་ཟླ་འདིའི་ཚེས་༢༡ ནས་༢༧ བར་ཉིན་གྲངས་བདུན་ཙམ་གྱི་རིང་། སྰི་ཤེས་ཡོན་སློབ་གསོའི་གལ་གནད་དང་ཉམས་ལེན་གྱི་གནད། སེམས་མྱོང་ཚོད་འཛིན་དང་ཡིད་བྱེད་སྦྱོང་བརྡར། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་བཏང་སྙོམས་ཀྱི་འདུ་ཤེས། སྤྱི་ཚོགས་ལ་བརྟེན་པའི་རང་གི་ངོ་བོ། རང་རྒྱུད་རང་ཤེས་ཀྱི་ནུས་པ་གོང་སྤེལ་སོགས་ཀྱི་ཐོག་ཟབ་འཁྲིད་གནང་རྒྱུ་རེད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།