བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་གསར་ཐོན་ཁག་ཅིག་ངོ་སྤྲོད།

༡ བྱ་བ་ལས་ཀྱི་འཁོར་ལོའི་རྣམ་གཞག་ཅེས་པའི་དཔེ་དེབ་འདི་ནི་བཀའ་ཟུར་ལྕོག་སྟེང་ཐུབ་བསྟན་ནོར་བཟང་ལགས་ཀྱིས། ཕྱི་ལོ་༡༩༢༦ ནས་༡༩༦༨ བར་༧རྒྱལ་དབང་སྐུ་ཐོག་གཉིས་ལ་སྲི་ཞུ་བསྒྲུབས་པའི་སྐོར་དང་འབྲེལ་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་བྲིས་གནང་བ་ཞིག་རེད་འདུག བོད་ཀྱི་དཔེ་མཛོད་ཁང་ནས་དེབ་འདི་ལོ་རྒྱུས་དེབ་ཕྲེང་༩༤ པར་དཔར་དུ་བསྐྲུན་འདུག
༢ འཁོར་ཡུག་ལ་བདག་གཅེས། ད་ལྟའི་ཉེར་མཁོ་ཞེས་པའི་དཔེ་དེབ་འདི་ནི་བློ་བཟང་དོན་འགྲུབ་ལགས་ནས་འཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་མཁོ་དང་འབྲེལ་བའི་སྐོར་བྲིས་གནང་བ་ཞིག་དང་། བོད་ཀྱི་དཔེ་མཛོད་ཁང་ནས་༧སྐུའི་གོ་སྟོན་སྲུང་བརྩིའི་ལས་རིམ་དུ་ཀུན་ཕན་དེབ་ཕྲེང་༢༣ དུ་དཔར་སྐྲུན་ཞུས་འདུག
༣ སེམས་སེམས་བྱུང་། གྲུབ་མཐའ། ས་ལམ། ཞེས་པའི་དཔེ་དེབ་འདི་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་གོང་གསལ་མཚན་དོན་ལྟར་མཛད་པ་ཞིག་རེད་འདུག་ལ། བོད་ཀྱི་དཔེ་མཛོད་ཁང་ནས་ནང་ཆོས་དེབ་ཕྲེང་༥༡ པར་དཔར་དུ་བསྐྲུན་འདུག
༤ དམར་པོའི་རླབས་ཀྱིས་བསྣུབས་པའི་ཕ་ས་ཞེས་པའི་དེབ་འདི་ནི་བོང་སྟག་སྟག་ལྷ་རྒྱལ་གྱིས་བརྩམས་ཤིང་། འདི་ནི་ང་བརྒྱད་ལོར་རྒྱ་ནག་དམར་ཤོག་གཞུང་གིས་མདོ་སྨད་བོང་སྟག་གོང་མར་དམར་གསོད་དང་གདུག་རྩུབ་ཀྱིས་ཡུལ་མིར་མནར་གཅོད་དང་སྣོད་བཅུད་རྩ་གཏོར་བཏང་བ་སོགས་ཀྱི་སྐོར། ཁོང་གི་ཨ་མ་བོང་སྟག་སྲས་མོ་སྐྱིད་ཨ་རིར་མ་བུ་ཐུག་འཕྲད་སྐབས་སུ་བཅར་འདྲི་ཞུས་པའི་དངོས་བྱུང་ལོ་རྒྱུས་ཤིག་རེད་འདུག་པ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༩༥ པར་དཔར་དུ་བསྐྲུན་འདུག
༥ ལས་དང་པོ་བའི་ཞི་གནས་སྒོམ་ཚུལ་ཞེས་པའི་དཔེ་དེབ་འདི་ནི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས། ལས་དང་པོ་བ་དང་ཕལ་བ་རྣམས་ཀྱི་སླད་དུ་ཞི་གནས་སྒོམ་ཚུལ་གྱི་རིམ་པ་ནང་བསྟན་གྱི་གཞུང་དག་ལས་མཁོ་བསྡུས་དང་། ཉམས་མྱོང་ཅན་གཞན་གྱི་མན་ངག ཁོང་ཉིད་ཀྱི་ཉམས་མྱོང་སོགས་གོ་བདེ་ལམ་ནས་བརྩམས་གནང་བ་ཞིག་རེད་འདུག་ལ། བོད་ཀྱི་དཔེ་མཛོད་ཁང་ནས་༧རྒྱལ་བའི་གོ་སྟོན་སྲུང་བརྩི་དང་འབྲེལ་ནང་ཆོས་དེབ་ཕྲེང་༥༢ པར་དཔར་དུ་བསྐྲུན་འདུག
༦ ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་ཞེས་པའི་དཔེ་དེབ་འདི་ནི། དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀས་བརྩམས་གནང་ཞིང་། ཡོངས་འཛིན་རིན་པོ་ཆེ་སྐུ་འཁྲུངས་པ་ནས་བསླབ་པ་སློབ་གཉེར་དང་དབང་ལུང་ཁྲིད་གསུམ། དགོན་གནས་གསར་འདེབས། ལ་མོ་ཚང་གི་ཡོངས་འཛིན་དུ་བཞུགས་པ། རིག་གནས་གསར་བརྗེ་ཟེར་བའི་སྐབས་སུ་སྐུ་ངལ་ཚད་མེད་མྱོང་ཚུལ་སོགས་ཀྱིས་མཚོན་གསང་གསུམ་གྱི་རྣམ་ཐར་ཞིག་དང་། དེ་བཞིན་བཀའ་ཆོས་གསན་པའི་བླ་མ་ཁག་གི་རྣམ་ཐར་དང་ཐར་ཤུལ་དགོན་གྱི་ལོ་རྒྱུས་སྙིང་བསྡུས་སོགས་ཀྱིས་གྲུབ་ཅིང་། བོད་ཀྱི་དཔེ་མཛོད་ཁང་ནས་རྣམ་ཐར་དེབ་ཕྲེང་༤༣ པར་དཔར་དུ་བསྐྲུན་འདུག
