རྒྱ་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་དུས་གསེར་བུམ་དཀྲུག་པའི་ལམ་ལུགས་ལ་གནོད་པའི་བྱ་སྤྱོད་སྤེལ་མི་ཆོག་བརྗོད་འདུག

དེ་རིང་བཞུགས་སྒར་རྡ་ས་རུ་བོད་མིའི་ཆོས་ཚོགས་ཐེངས་༡༥ པ་དེ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་མ་འོངས་༧རྒྱལ་བའི་ཡང་སྲིད་རྒྱུན་མཐུད་ཕེབས་རྒྱུ་དང་དགའ་ལྡན་ཕོ་བྲང་ལས་གཞན་ལ་དེའི་སྐོར་ཐེ་བྱུས་མེད་པའི་བཀའ་སློབ་ཕེབས་ཡོད་པར་བརྟེན། རྒྱ་ནག་གཞུང་གི་མགྲིན་ཚབ་པས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་དུས་གསེར་བུམ་དཀྲུག་པའི་ལམ་ལུགས་ལ་གནོད་པའི་བྱ་སྤྱོད་སྤེལ་མི་ཆོག་པར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་༢ ཉིན་བཞུགས་སྒར་རྡ་སར་བོད་མིའི་ཆོས་ཚོགས་ཐེངས་༡༥ པ་དེ་འཚོག་བཞིན་ཡོད་པ་དང་། ཚོགས་འདུའི་མཛད་སྒོ་དབུ་འཛུགས་སྐབས་སུ་༧གོང་ས་མཆོག་ནས་“འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན་” ཚུལ་དང་། ཡང་ “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།” ཞེས་གསལ་བ་ལྟར། བར་སྐབས་འདི་ནས་དད་ལྡན་མང་ཚོགས་ལ་དམིགས་བསལ་གོ་བསྡུར་བྱ་རྒྱུ་མ་བྱུང་རུང། འདས་པའི་ལོ་ངོ་བཅུ་བཞིའི་རིང་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་འཐུས་ཚོགས་དང་དམིགས་བསལ་ཚོགས་ཆེན། འཛིན་སྐྱོང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཧི་མ་ལ་ཡའི་རི་རྒྱུད། ཆེན་པོ་ཧོར་དང་རུ་སུའི་ཁོངས་ཀྱི་ནང་པའི་ཡུལ་དགོན། རྒྱ་ནག་སྐམ་ས་སོགས་ཀྱི་རྒྱ་རིགས་དང་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གི་དད་ལྡན་མི་མང་བཅས་ནས་དང་བླང་གིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པའི་མངོན་འདོད་རྒྱུ་མཚན་དང་སྦྲགས་ཏེ་ཡིག་ཐོག་ནས་ཞུ་སྐུལ་ནན་པོ་བྱུང་བ་དང། ལྷག་པར་དུ་གཞིས་ལུས་བོད་མི་སྤྱི་སྒེར་མང་པོས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་སྔ་རྗེས་འབྱོར་བ་ལྟར། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་འབྲེལ་ཡོད་མང་ཚོགས་ཀྱི་མངོན་འདོད་བཅོས་མིན་གྱི་ལམ་ནས་ཐག་གཅོད་བྱས་པར་ངོས་འཛིན་གྱིས་དེ་དོན་ཡོང་བའི་མོས་མཐུན་བྱེད། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་པར་གསུངས་པར་བརྟེན། དེ་རིང་རྒྱ་ནག་གཞུང་གི་མགྲིན་ཚབ་པ(Mao Ning)མོའོ་ཉིང་ཟེར་བ་དེས་བོད་ཀྱི་བླ་ཆེན་ཚོའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་དེ་ནི་བོད་བརྒྱུད་ནང་བསྟན་ཁྲོད་ལམ་ལུགས་དམིགས་བསལ་ཞིག་ཡིན་པ་དང་། ལམ་ལུགས་དེ་འདས་པའི་ལོ་ངོ་༧༠༠ ལྷག་གི་ལོ་རྒྱུས་ཡོད་པས། ལམ་ལུགས་དེའི་ཁྲོད་ནས་རྒྱ་ནག་གཞུང་གི་ཆོས་དད་རང་དབང་ཡོད་པའི་སྲིད་བྱུས་འོག་ནས་འདས་པའི་༧གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ། གཞན་བོད་ཀྱི་བླ་སྤྲུལ་ཚོ་གསེར་བུམ་དཀྲུགས་ཏེ་རྒྱ་གཞུང་གིས་ངོས་འཛིན་བྱས་ཡོད་པ་མ་ཟད། ད་ལྟའི་༧གོང་ས་མཆོག་སྐུ་ཕྲེང་༡༤ པ་ཁོང་ཡང་གསེར་བུམ་དཀྲུགས་ནས་ངོས་འཛིན་བྱས་ཡོད་པས། མ་འོངས་པའི་༧གོང་ས་མཆོག་གི་ཡང་སྲིད་དེ་ཡང་བོད་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་དང་། རྒྱ་ནག་གཞུང་གི་ལམ་ལུགས་གཞིར་བཟུང་གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱེད་དགོས་པའི་སྐོར་བརྗོད་འདུག་ལ། བོད་ཀྱི་ནང་བསྟན་ཆོས་ལུགས་ནི་རྒྱ་ནག་ནས་དར་ཡོང་བའི་ཆོས་ལུགས་ཤིག་ཡིན་པས་རྒྱ་ནག་གི་རིག་གཞུང་གཞིར་བཟུང་འགྲོ་དགོས་པ་ལས་སྐུའི་ཡང་སྲིད་ངོས་འཛིན་ལ་ཁ་གཡར་ནས་གསེར་བུམ་དཀྲུགས་པའི་ལམ་ལུགས་ལ་གནོད་པའི་བྱ་སྤྱོད་སྤེལ་མི་ཆོག་པར་བརྗོད་འདུག
གསར་འགོག་པ། བསོད་ནམས་ཕུན་ཚོགས།
