ལྷོ་ཕྱོཌ་ས་གཞོན་གསུམ་གྱིས་སྐུའི་ཡང་སྲིད་ཐད་རྒྱ་གཞུང་གིས་ཐེ་བྱུས་བྱས་ཚེ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་བསྒྲགས་གཏམ་སྤེལ།

ལྷོ་ཕྱོགས་ས་གཞོན་གསུམ་གྱིས་དགྲ་བོ་རྒྱ་གཞུང་གིས་རྣམ་པ་ཇི་འདྲ་ཞིག་གི་ཐོག་ནས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱས་ཀྱང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་བསྒྲགས་གཏམ་དོན་ཚན་གསུམ་ཅན་ཞིག་སྤེལ་སོང་།

ཕྱི་ལོ་༢༠༢༥ ཟླ༧ ཚེས༡༤ ཉིན་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་གྱི་གསར་འགོད་ལྷན་ཚོགས་ཁང་དུ་སྦེལ་ཀོབ།  ཧོར་སོར་། མོན་གྷོ་བཅས་ས་གཞོན་ཁག་གསུམ་དང་།   འཕགས་བོད་མཛའ་འབྲེལ་ཚོགས་པའི་འཐུས་ཚབ་བཅས་ནས།  ཉིན་རྒྱབ་ཆུ་ཚོད ༡༢:༣༠ ཙམ་ལ་གསར་འགོད་ལྷན་ཚོགས་ཤིག་བསྐྱངས།   སྐབས་དེར་རྒྱ་ནག་གཞུང་ལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པར་ཁྲིམས་དང་ལོ་རྒྱུས་ཀྱི་གནས་བབ་གང་ཅིའི་ཐད་ནས་ཐོབ་ཐང་གང་ཡང་མེད་ལ། རྒྱ་གཞུང་གིས་སྐུའི་ཡང་སྲིད་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པའི་བསྒྲགས་གཏམ་དེའི་ནང་དུ།

༡ བོད་དུ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་དར་བ་ནས་བོད་མི་ཚོས་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མང་པོ་ཡང་སྲིད་ངོས་འཛིན་གྱི་ལམ་ནས་བསྐོ་འཇོག་བྱེད་ཀྱི་ཡོད།  འདི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཞིག་དང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་དང་འབྲེལ་ནས་ཡོད་པས་དད་པ་དང་དམ་ཚིག་གི་ཡིད་ཆེས་རྨང་གཞི་བྱས་པ་ཞིག་ཡིན་པས།  སྲིད་དོན་གྱི་དགོས་མཁོ་དང་འབྲེལ་བ་མེད་པ་མ་ཟད། ད་ལྟའི་རྒྱ་གཞུང་ནི་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་དང་ཁྲིམས་འགལ་གྱིས་དབང་བསྒྱུར་བྱེད་མཁན་དེ་ཡིན་པས་བོད་མིའི་ཆོས་ཕྱོགས་ཀྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་དང་འགན་དབང་གཉིས་པ་མེད།

༢ བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་དར་བ་ནས་སྐུ་སྐྱེ་ཕྱི་མ་ངོས་འཛིན་བྱེད་པར་དད་ལྡན་མང་ཚོགས་ཀྱི་དད་པ་བྱེད་ས་གལ་ཆེན་ཞིག་དང་། སྐུ་སྔོན་མ་དང་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཡོད་པའི་བླ་མ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད།  དེ་ལ་ཆོས་ཕྱོགས་ནས་ལྷ་བླའི་ལུང་བསྟན་དང་རྟགས་མཚན་མ་དམིགས་བསལ་བ་ཡོད་པ་གཞི་རྩར་བཟུང་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་ལས།  རྒྱ་ནག་གཞུང་གི་ཆབ་སྲིད་དགོས་མཁོ་དང་ཆབ་སྲིད་ཀྱི་ལག་ཆར་བཀོལ་ཕྱིར་སྐུའི་ཡང་སྲིད་ཐད་རྫུན་སྒྲོག་རྒྱུན་མར་སྤེལ་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད།   

༣ ༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱིར་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡོངས་ཀྱིས་ཡང་ཡང་གསོལ་འདེབས་ཞུས་པ་བཞིན།  སྐུའི་ཡང་སྲིད་ཕེབས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་དང་།   སྐུའི་ཡང་སྲིད་ཇི་ལྟར་ཕེབས་པ་དང་ངོས་འཛིན་ཇི་ལྟར་བྱེད་པ་༧གོང་ས་མཆོག་གིས་ཐག་གཅོད་ཇི་ལྟར་གནང་བ་དེ་ལ།  བོད་གཞིས་བྱེས་གཉིས་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡོངས་ཀྱིས་དེར་ངོས་འཛིན་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་།  རྒྱ་གཞུང་གིས་རྣམ་པ་ཇི་འདྲ་ཞིག་གི་ཐོག་ནས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་པར་ང་ཚོས་མགྲིན་དབྱངས་གཅིག་འགྱུར་གྱིས་ངོ་རྒོལ་དང་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཅེས་འཁོད་འདུག   གནད་དོན་འདི་དང་འབྲེལ་བ་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་།

གོང་གསལ་གནས་ཚུལ་རྣམས་ས་གནས་འབྲེལ་ཡོད་ཀྱིས་མཁོ་གཏོང་གནང་།