ཨ་རིའི་སྲིད་འཛིན་ཊོམ་ལ་ཁྲག་འཁོར་རྒྱུག་མི་ཐུབ་པའི་འཕྲོད་བསྟེན་གྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་འདུག

ཉེ་ཆར་པར་ཞིག་གི་ནང་སྲིད་འཛིན་ཊོམ་གྱི་ལག་པའི་ཐོག་ཏུ་ནད་རྟགས་ཤིག་མངོན་ཡོད་པ་མཐོང་རྒྱུ་ཡོད་འདུག་པར་བརྟེན། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕོ་བྲང་དཀར་པོ་ནས་བརྗོད་དོན། སྲིད་འཛིན་ཊོམ་ལ་ཁྲག་འཁོར་རྒྱུག་ཡག་པོ་མི་ཐུབ་པའི་རྐྱེན་གྱིས་རྐང་པ་སྐྲངས་པ་དང་ལག་པའི་པགས་པའི་ཐོག་ཏུ་ནད་རྟགས་མངོན་པ་སོགས་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པར་བརྗོད་འདུག
ཕྱི་ཚེས་༡༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་སྲིད་འཛིན་ཊོམ་གྱིས་ལག་པའི་ཐོག་ཏུ་སྨུག་ཐིག་གམ་སྐྱི་ཤུལ་ཡོད་པའི་པར་ཞིག་དྲྭ་ཐོག་ཏུ་ཐོན་ཡོད་འདུག་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཁ་སང་གཟའ་ཕུར་བུའི་ཉིན་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་(Karoline Leavitt)ཡིས་ཊོམ་གྱི་ལག་པའི་ཐོག་ཏུ་སྨུག་ཐིག་ཆགས་པ་དང་། རྐང་པ་ཡང་སྐྲངས་པ་སོགས་བྱུང་ཡོད་ཀྱང་། ད་ལྟ་སྨན་པས་བརྟག་དཔྱད་བྱས་ཡོད་པས། ནད་རྟགས་དེ་དག་མངོན་པ་ནི་ལུས་པོ་ཁྱོན་ཡོངས་ཀྱི་ཁྲག་འཁོར་རྒྱུག་ཡག་པོ་མི་ཐུབ་པའི་རྐྱེན་དང་། ལོ་༧༠ ཟིན་པའི་མི་རྒན་པ་ཚོར་དེ་འདྲ་འབྱུང་གི་ཡོད་པ་སྨན་པས་བརྗོད་འདུག་ལ། དེ་ནི་སྤྱིར་བཏང་གི་ན་ཚ་ཞིག་ཡིན་པར་བརྗོད་འདུག

སྤྱིར་བཏང་སྲིད་འཛིན་ཊོམ་གྱིས་ཁོང་རང་ནི་ཨ་རིའི་སྲིད་འཛིན་གྱི་ཁྲོད་ནས་འཕྲོད་བསྟེན་ཡག་ཤོས་དེ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག ཉེ་ཆར་པར་ནང་མཐོང་རྒྱུ་ཡོད་པའི་ཊོམ་གྱི་ལག་པའི་ཐོག་ཏུ་ནད་རྟགས་དེ་དང་། རྐང་པ་སྐྲང་པས་རྣམས་ནི་ལོ་རྒས་པའི་རྐྱེན་གྱིས་ལུས་ཀྱི་ཁྲག་རྩ་རྣམས་འཁུམ་ནས་ཁྲག་སྙིང་ལ་འགྲེམས་མི་ཐུབ་པའི་རྟགས་ཡིན་པར་བརྗོད་འདུག
ཨ་རིའི་(Texas)མངའ་སྡེའི་མཐོ་སློབ་ཀྱི་གཤག་བཅོས་སྨན་པའམ་སློབ་དཔོན་གཞོན་པ་(Dr Meryl Logan)ཟེར་བ་དེས་ལོ་རྒས་འགྲོ་དུས་རྩ་རྣམས་འཁུམ་ནས་རྐང་པའི་ཁྲག་རྣམས་ལུས་ཀྱི་སྟོད་ལ་ཡར་འགྲེམས་མི་ཐུབ་པའི་དཀའ་ངལ་འབྱུང་གི་ཡོད་པ་བཞིན། སྲིད་འཛིན་ཊོམ་གྱི་དཀའ་ངལ་ཡང་དེ་ལྟར་ཡིན་པར་བརྗོད་འདུག འོན་ཀྱང་། ཨ་རིའི་ཕོ་བྲང་དཀར་པོའི་སྨན་པ་(Sean Barbabella)ཡིས་སྲིད་འཛིན་ཊོམ་གྱི་ལུས་ཁམས་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ཧ་ཅང་བདེ་ཐང་ཡིན་པ་དང་། ཁྲག་འཁོར་རྒྱུག་མི་ཐུབ་པའི་ན་ཚ་གང་ཡང་མེད་པར་བརྗོད་འདུག དེ་བཞིན་སྨན་པ་ཚོས་སྤྱིར་བཏང་ལོ་༧༠ བརྒལ་པའི་མི་རྒན་པ་བརྒྱ་༡༠ ནས་༣༥་ བར་ཚང་མ་ལ་དཀའ་ངལ་དེ་ཡོད་པ་ལས་དམིགས་བསལ་ཛ་དྲག་གང་ཡང་མ་རེད་ཅེས་བྷི་བྷི་སི་གསར་ཁང་ལ་རྗོད་མཁན་བྱུང་ཡོད་འདུག་པ་དང་། དེ་ལས་ཉེན་ཁ་ཆེ་ཤོས་ནི་རང་གི་གཟུགས་པོའི་ལྗིད་ཚད་ཆེ་དྲགས་པ་དང་། ལངས་ནས་ཡུན་རིང་པོ་ལས་ཀ་བྱེད་དགོས་པ་སོགས་ཉེན་ཁ་ཆེ་བ་ཡོད་པ་དང་། ཊོམ་གྱི་ལག་པའི་ཐོག་ཏུ་སྐྱི་གཤུད་ཡོད་པ་དེ་ནི་ཉིན་རེར་མི་མང་པོ་དང་ལག་པ་འཇུ་དགོས་པའི་རྐྱེན་གྱིས་ཡིན་པ་ལས་གཞན་ནད་རྟགས་སྡུག་པ་དེ་འདྲ་མ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།