རྒྱ་བལ་འབྲུག་གསུམ་གྱི་བོད་མི།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༥༨ ཀྱི་ཆེད་བརྗོད།

རྒྱ་དམར་དྲག་པོའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པར་བརྟེན། བོད་ས་སྟོད་སྨད་བར་གསུམ་ནས་བོད་མི་གང་མང་ཞིག་༧གོང་ས་མཆོག་གི་ཞབས་རྗེས་བསྙེགས་ནས་རྒྱ་བལ་འབྲུག་གསུམ་ལ་བཙན་བྱོལ་དུ་ཡོང་དགོས་བྱུང། ད་བར་མི་ལོ་༦༦ ལྷག་གི་རིང་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་བོད་མི་གང་མང་ཞིག་བྱུང་ཞིང། བཙན་བྱོལ་དུ་སླེབས་པའི་མི་ཐོག་དང་པོ་དང་དེའི་བུ་རྒྱུད་མང་པོ་ཞིག་ཀྱང་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་མང་ཞིག་ཏུ་ཕྱིན་ཟིན། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཞེས་བཙན་བྱོལ་བོད་པའི་ཁ་རྒྱུན་དུ་ཡོད་པ་ཙམ་ལས། འབྲུག་ཏུ་སྡོད་པའི་བོད་མིའི་གཞིས་ཆགས་ཁག་ནི་ད་ལྟའི་ཆར་རང་བཞིན་གྱིས་འབྲུག་པའི་ངོ་བོར་ཐིམ་ཟིན་པ་དང་ཐིམ་བཞིན་པ་ཡིན། བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་མི་ལོ་སུམ་ཅུ་ཙམ་གྱི་རིང་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་རག་མེད་ལ། རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་མ་འོངས་པར་ཡང་བལ་གཞུང་གི་སྲིད་བྱུས་ལ་མུ་མཐུད་འགྱུར་བ་འགྲོ་རྒྱུའི་རེ་བ་ཧ་ཅང་ཕྲ།

རྒྱ་གར་དུ་བོད་མི་རྣམས་ལ་ད་ལྟའི་ཆར་རྒྱ་གར་གཞུང་གིས་གཟིགས་རྟོག་ཆེན་པོ་གནང་བཞིན་ཡོད་ཀྱང། གཞིས་ཆགས་མང་པོ་ཞིག་ཏུ་གཏན་སྡོད་བྱེད་མཁན་མི་འབོར་ཧ་ཅང་ཉུང་དུ་འགྲོ་བཞིན་པ་དང། ལྷག་པར་དུ་དགུན་དུས་རྒན་རྒོན་བགྲེས་སོང་ཙམ་ལས་ན་གཞོན་ཧ་ལམ་མེད་པ་ལྟ་བུར་འགྱུར་བཞིན་ཡོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པ་ཉུང་དུ་སོང་ནས་ཧི་མ་ལ་ཡའི་རི་རྒྱུད་དང་རྒྱ་གར་ཡུལ་མི་མང་དུ་འགྲོ་བཞིན་པའི་སྐབས་ཤིག་དང།  བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ལ་མཚོན་ནའང་ད་ལྟའི་ཆར་གྲྭ་རྒྱུན་གསར་ཞུགས་ནང་བོད་མི་ཧ་ལམ་མེད་པ་ལྟ་བུར་གྱུར་ཟིན། རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ནང་བཙན་བྱོལ་བོད་མི་ལས་གཞན་པ་ལྡབ་གཅིག་ལྷག་ཙམ་གྱིས་མང་བ་དོན་དངོས་རེད། དགོན་སྡེ་ཁག་ལ་མཚོན་ན་རྒྱུད་འཛིན་གྱི་དགེ་འདུན་པ་ཡོད་དགོས་པ་ལས། མི་རིགས་དང་རྒྱལ་ཁོངས་ཀྱི་ས་མཚམས་གང་ཡང་མེད་ཀྱང། སློབ་གྲྭ་ཁག་ཏུ་བོད་མི་ཉུང་དུ་འགྲོ་བཞིན་པ་ནི་བཙན་བྱོལ་བོད་མིའི་མ་འོངས་པའི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད།

ད་ལྟའི་ཆར་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་སྦྱོང་ཡག་གྲས་མང་པོ་ཞིག་སྨན་ཞབས་ཀྱི་སློབ་སྦྱོང་དུ་ཞུགས་བཞིན་ཡོད་ལ།  གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་རྒྱང་རིང་པོ་དང། མ་འོངས་པར་བོད་མི་རིགས་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་བསམ་བློའི་ཐོག་ནས་སློབ་སྦྱོང་བྱེད་མཁན་གྱི་ན་གཞོན་ཞིག་ཕལ་ཆེར་མེད་ཚོད་རེད། ལམ་སྟོན་བྱེད་མཁན་ཕ་མ་དང་དགེ་རྒན་ཡང་ཧ་ལམ་མེད་ཚོད་ལྟ་བུར་གྱུར་ཡོད་པས། རིམ་པས་གཞིས་ཆགས་ཁུག་ཀྱོག་རྣམས་སུ་བོད་པ་སྡོད་མཁན་དཀོན་དུ་འགྲོ་བ་མ་ཟད། སྡོད་མཁན་ཕལ་ཆེར་མེད་པ་ལྟ་བུར་འགྱུར་རྒྱུ་ཡིན་པས། རེ་ཟུང་ཡོད་པ་དག་གི་བུ་རབས་ཚ་བརྒྱུད་ཀྱང་རྒྱ་གར་གྱི་ངོ་བོར་འཐིམ་རྒྱུ་ཉག་གཅིག་ལས་བོད་པའི་རྣམ་པ་བྱས་ནས་མུ་མཐུད་སྡོད་ཐུབ་པའི་ལམ་ཁ་གཞན་གང་ཡང་མེད་པར་འགྱུར་ངེས་རེད། དགོན་སྡེ་ཁག་ཏུ་བོད་པའི་གྲྭ་རྒྱུན་རྫོགས་འགྲོ་སྐབས་བོད་པའི་གཞིས་ཆགས་དང་དགོན་སྡེ་ཁག་གི་འབྲེལ་བའང་ད་ལྟའི་གནས་སྟངས་གཏན་ནས་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི་དེ་བས་ཀྱང་སྨྲོས་མི་དགོས་པ་རེད།

ད་ལྟའི་ཆར་བཙན་བྱོལ་བོད་མི་ན་གཞོན་གང་མང་ཞིག་དམག་སྡེ་ཨང་༢༢ པའི་ནང་ཞུགས་བཞིན་ཡོད་པ་དང། གནས་སྐབས་ཀྱི་སྦྱོང་བརྡར་དང། ཕུགས་ཀྱི་མདུན་ལམ་བཅས་གང་ཐད་ནས་རེ་བ་དང་གྲུབ་འབྲས་ཡག་ཤོས་ལྟ་བུར་འགྱུར་བཞིན་ཡོད། མ་འོངས་པར་ཡང་མུ་མཐུད་དུ་ཁ་ཕྱོགས་འདི་དང་གོ་སྐབས་འདི་དམ་འཛིན་ཡག་པོ་ཞིག་ཐུབ་ན་མི་སྒེར་དང་སྤྱི་ཚོགས་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྒྲིག་འཛུགས་ཤིག་རེད། འོན་ཀྱང་དམག་དཔོན་མཐོ་རིགས་སུ་སླེབས་ཟིན་པ་རྣམས་དང། དམག་མི་དཀྱུས་མ་བཅས་སུ་ཡིན་ཡང་དངུལ་དངོས་ཀྱི་ཁེ་ཕན་ལ་བལྟས་ནས་གནས་ཡུལ་རྒྱ་གར་གཞུང་ལ་གནོད་པའམ། བོད་དོན་འཐབ་རྩོད་ལ་གནོད་པའི་ལས་ཀ་བྱས་པའི་དབང་དུ་བཏང་ན། མི་སྒེར་ལ་དཀའ་ངལ་ཆེན་པོ་འཕྲད་པ་ཙམ་དུ་མ་ཟད། དམག་སྒར་ཨང་༢༢ པ་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་ཞིང། ཐ་ན་བོད་མི་བཙན་བྱོལ་བ་སྤྱི་ཡོངས་ལ་གནོད་སྐྱོན་ཆེན་པོར་འགྱུར་རྒྱུའི་ཉེན་ཁ་ཡོད་པས། དེའི་ཐོག་ལ་འབྲེལ་ཡོད་ཚང་མས་ངེས་པར་དུ་གཟབ་དགོས་ངེས་སུ་གྱུར་ཡོད།

མདོར་ན་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་པ་ཞིག་བྱུང་ན་མ་གཏོགས། ད་ལྟའི་ཆར་བཙན་བྱོལ་བོད་པའི་སློབ་གསོ་དང་ལས་འགུལ་ལ་བརྟེན་ནས་འཐབ་རྩོད་ཀྱི་བསམ་བློ་རྒྱུན་གནས་ཐུབ་པ་ཞིག་ཧ་ཅང་ཁག་པོ་རེད། བོད་མི་ན་གཞོན་དང་དར་མ་མང་པོ་ཞིག་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་མི་བྱེད་པ་དང། བོད་ཀྱི་རིག་གནས་ལ་དགའ་ཞེན་བྱེད་མཁན་ཡང་ཉུང་བ། སྒོར་གཞས་འཁྲབ་རྒྱུར་དོ་སྣང་བྱེད་མཁན་གཅིག་པུའི་ཐོག་ནས་ན་གཞོན་རྣམས་ལ་རེ་བ་ཕྲན་བུ་རེ་རྒྱག་ཆོག་སྲིད་པ་ལས། གཞན་ན་གཞོན་རྣམས་བོད་པའི་ཁོར་ཡུག་ཏུ་འཁྲིད་ཐུབ་པའི་ཐབས་ལམ་ཡང་ཧ་ཅང་ཁག་པོར་གྱུར་ཡོད་པས། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ངོས་ནས་བཙན་བྱོལ་བོད་མིར་འཐབ་རྩོད་ཀྱི་བསམ་བློ་སླེབས་ཐུབ་པ་ཞིག་དང། བོད་ཀྱི་རིག་གནས་ལ་དགའ་ཞེན་ཡོད་པ་ཞིག་བྱེད་མ་ཐུབ་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ལྟ་ཅི། སྔ་རྗེས་ཙམ་མ་གཏོགས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་རྣམས་ཀྱང་བོད་པའི་མིང་ཙམ་ལས་མེད་པ་ཞིག་ཏུ་འགྱུར་ངེས་རེད།།