གཞི་རྩའི་རང་དབང་འཕྲོག་ཐུབ་བམ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༥༩ ཡི་ཆེད་བརྗོད།)
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་“མི་ཚེ་རིང་ན། ལྷ་ཤི་བའི་རོ་མཐོང་”ཞེས་པའི་གཏམ་དཔེ་དེ་ལོ་ཤས་ནང་དར་ཁྱབ་ཆེན་པོ་བྱུང་བ་བཞིན། ཉེ་ཆར་ཡང་མི་རྒན་ཁ་ཤས་ཀྱི་མིང་ཐོག་ནས་སྤྱི་འཐུས་ཁག་ཅིག་བོད་རང་བཙན་ཚོགས་ཆེན་དུ་ཞུགས་པ་དེ་ཁྲིམས་འགལ་རེད་ཅེས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་འདུག ཁྲིམས་ཞིབ་ཁང་ནས་ཁྲིམས་གཏུག་དེ་ངོས་བཞེས་གནང་མེད་ནའང། དེ་ལྟ་བུའི་གནས་ཚུལ་ཞིག་བྱུང་བ་ཙམ་གྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མང་གཙོའི་གོ་རྟོགས་ཧ་ཅང་ཞན་པའམ། དགྲ་གཉེན་ཕྱོགས་གང་ཞིག་གི་ཆོ་འཕྲུལ་ཡིན་མིན་ཡང་དོགས་གནས་སུ་གྱུར་ཡོད། སྤྱིར་བོད་རང་བཙན་གྱི་ཚོགས་འདུར་ཞུགས་པ་དང། བོད་རང་བཙན་སླར་གསོའི་ཆེད་བསམ་བློ་གཏོང་མཁན་དང་ལས་འགུལ་སྤེལ་མཁན། བོད་རང་བཙན་སླར་གསོའི་ཆེད་མི་རྒྱུ་གཉིས་ཐད་ནས་ཐབས་ཤེས་དང་འབད་བརྩོན་བྱེད་མཁན་དག་ལ་རྒོལ་མཁན་ནི། དགྲ་བོ་རྒྱ་དམར་གཞུང་དང་དེའི་འདོད་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་མ་བྱས་རང་བྱས་རེད།
ཁྲིམས་ཞིབ་ཁང་གིས་རྣམ་པ་གང་འདྲ་ཞིག་གིས་ངོས་བཞེས་མ་བྱས་པ་ཡིན་ནའང་འདྲ། དོན་དངོས་སུ་སྤྱི་འཐུས་དང་མི་སྒེར་སུ་ཡིན་ཡང། གོ་མཚོན་དང་དྲག་ཤུགས་མེད་པའི་ཞི་བའི་ཚོགས་འདུ་གོ་སྒྲིག་བྱེད་པ་དང་ཚོགས་ཞུགས་ཆོག་པ་ནི། གཞི་རྩའི་རང་དབང་དང་ཐོབ་ཐང་ཉག་གཅིག་ཡིན། བཅའ་ཁྲིམས་དོན་ཚན་བཅུ་གཉིས་པ། “གཞི་རྩའི་རང་དབང་དང༌། ཐོབ་ཐང་གཞན་ཁག”ཅེས་པའི་ནང་གསེས་༥ པ། “གོ་མཚོན་མེད་པར་ཞི་བའི་འདུ་ཚོགས།”ཞེས་གསལ་པོར་བསྟན་ཡོད་པས། “བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་སྡོམ་བྱེད་དགོས་དང༌། ལས་བྱེད་སོ་སོའི་ལས་རྒྱུན་རིང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། བོད་ཀྱི་ཡུལ་མི་ཚང་མར་གཤམ་གསལ་རང་དབང་དང༌། ཐོབ་ཐང་ཁག་ཡོད།”ཅེས་འཁོད་ཡོད་པས། ཚོགས་འདུ་གང་རུང་ཞིག་ལ་ཞུགས་མི་ཆོག་ཅེས་ཁྲིམས་ཐོག་ནས་གནོན་ཤུགས་སྤྲོད་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད།
བྱེད་སྟངས་འདི་ལ་བརྟེན་ནས་ཚོགས་ཞུགས་པ་སུ་གཅིག་ལ་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་དང་ནུས་པ་མེད་ཀྱང། འདི་ལ་བརྟེན་ནས་སྤྲད་པའི་བརྡ་ལན་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཐབ་རྩོད་ཀྱི་ནུས་པ་གཅོག་ཐབས་དང། གཞི་རྩའི་རང་དབང་དང་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུའི་གྲབས་གཤོམ་ལྟ་བུར་གྱུར་ཡོད། དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་པ་ཞིག་ཏུ་འགྲེལ་བརྗོད་པ་བྱེད་པ་ནི། ༧གོང་ས་མཆོག་གི་མཚན་ཐབ་ཕྱིས་བཞིན་བེད་སྤྱོད་གཏོང་ཐབས་ཞིག་དང། ༧གོང་ས་མཆོག་གི་མཚན་ཁ་ལ་ཁྱེར་ནས་མི་སྒེར་གྱི་ཁེ་ཕན་སྒྲུབ་ཐབས་ཙམ་དུ་གྱུར་མེད་དམ། ༧གོང་ས་མཆོག་གི་དགོངས་གཞི་ནི་མང་གཙོའི་ལམ་ལུགས་གཞི་རྩར་བཞག་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་འབད་བརྩོན་གནང་ཡོད་པ་དང། མི་ལོ་བདུན་ཅུ་ལ་ཉེ་བའི་རིང་མང་གཙོའི་ལམ་ལུགས་ཡར་རྒྱས་གང་བྱུང་བ་དེ་༧གོང་ས་མཆོག་གིས་སྐུལ་འདེད་གནང་བ་འབའ་ཞིག་ལས། མི་སྒེར་གྱི་གཞི་རྩའི་རང་དབང་འཕྲོག་ཐབས་དངོས་ཤུགས་བརྒྱུད་གསུམ་ནས་གནང་མྱོང་གཏན་ནས་མེད།
བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་གཅོག་ཐབས་དང། བཀའ་ཤག་དང་སྤྱི་འཐུས་ནང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གཏན་ནས་མེད་པ་ཞིག་བཟོ་ཐབས། མང་གཙོའི་སྤྱི་ཚོགས་སུ་གཞི་རྩའི་རང་དབང་དང་ཐོབ་ཐང་འཕྲོག་ཐབས་ཀྱི་ལས་འགུལ་འདི་ལྟ་བུ་སྤེལ་བར་སེམས་གཏིང་ནས་གད་མོ་འཆོར་མཁན་ནི་དགྲ་བོ་རྒྱ་དམར་གཞུང་ཡིན། དཔེར་ན་ཉེ་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང། ༧གོང་ས་མཆོག་ལ་དྭགས་ནས་མཇལ་འཕྲད་གནང་སྐབས་རྒྱ་དམར་དྲག་པོའི་གཞུང་གིས་སྐྱོན་བརྗོད་དང་སྐུར་འདེབས་ཚད་ལས་བརྒལ་བ་བྱས་སོང། ༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་ཟིན་པ་དང། ཆབ་སྲིད་ཀྱི་མཛད་འགན་གང་ཡང་བཞེས་མེད་ཀྱང་སྐུ་སྒེར་གྱི་མཛད་པ་ལའང་རྒྱ་གཞུང་གིས་མཚན་སྨོད་སྐུར་འདེབས་བྱེད་པ་ལ་ཚོར་བ་གང་ཡང་མེད་པར། རྒྱ་གཞུང་གི་སྲིད་བྱུས་བཞིན་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྩ་མེད་གཏོང་རྒྱུའི་གྲབས་གཤོམ་བྱེད་པ་ནི་སུ་ཞིག་གི་འདོད་དོན་དང་མངགས་བཅོལ་སྒྲུབ་པ་ལྟ་བུར་གྱུར་མེད་དམ།
མདོར་ན་བོད་མིའི་སྒྲིག་འཛུགས་དང་གནད་ཡོད་མི་སྣ་གང་མང་ཞིག་གི་སྤྱན་གསལ་ཡིན་ནའང་འདྲ། ལོ་རྒྱུས་ནང་དཔའ་བོ་དཔའ་མོ་སུ་ཞིག་གི་རྒྱུད་པ་ཡིན་ནའང་འདྲ། སྤྱི་ཚོགས་ནང་དུས་དང་རྣམ་པ་ཀུན་ཏུ་རྙོག་ཟིང་སྣ་ཚོགས་བཟོ་ཐབས་བྱེད་མཁན་ཁག་ཅིག དགྲ་བོ་རྒྱ་དམར་གཞུང་གི་གཞུང་ཚབ་ནས་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་བླངས་ནས་རྒྱ་ནག་དང་བོད་དུ་ཡང་ཡང་བསྐྱོད་པ་དང། རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་བྱེད་ཡུལ་དུ་གྱུར་ཡོད་པ་རྣམས་ཀྱི་བྱ་སྤྱོད་ལ་འབྲེལ་ཡོད་བདེ་སྲུང་ལས་ཁུངས་ནས་ལྟ་རྟོག་སྟངས་འཛིན་མི་བྱེད་པ་མ་ཟད། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་འབྲེལ་ཡོད་ཀྱི་ཐག་གཅོད་བྱེད་པའི་ཁུངས་གཏུག་ས་གཙོ་བོ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་དང། བསམ་བཞིན་དུ་སྤྱི་དོན་སྣང་མེད་དང་ནང་ཁུལ་གྱི་རྩོད་རྙོག་ནང་བེད་སྤྱོད་གཏོང་རྒྱུའི་ལག་ཆ་ཙམ་དུ་ངོས་འཛིན་མུ་མཐུད་བྱས་ན། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་མེད་དམ།།