རྒྱ་གཞུང་གིས་གླུ་པ་དཔལ་ཆུང་དང་ཨ་འདུས་དགོན་པའི་དགེ་འདུན་ཞིག་བཅས་འཛིན་བཟུང་བྱས་འདུག 

བོད་ཀྱི་དུས་བབ་གསར་ཁང་གི་པར།

ཟླ་འདིའི་ཚེས་༢༩ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ། ཉེ་ཆར་བོད་རྔ་བ་རྫོང་ཨ་འདུས་སྡེ་བའི་གླུ་བ་དཔལ་ཆུང་ལགས་དང་ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོ་ལགས་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པར་བརྗོད་འདུག 

དེ་བཞིན་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་གོ་སྟོན་སྐབས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྟོད་གླུ་བླངས་བའི་ཉེས་མིང་འོག བོད་ཀྱི་ན་གཞོན་གླུ་བ་ཨ་སངས་ལགས་ཀྱི་གྲོགས་པོ་ན་གཞོན་གླུ་བ་དཔལ་ཆུང་ལགས་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་། ད་ལྟའི་ཆར་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་གི་ཁྱིམ་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། 

གླུ་བ་དཔལ་ཆུང་ལགས་ནི་བོད་རྔ་པ་རྫོང་ཨ་འདུས་སྡེ་པ་ནས་ཡིན་འདུག་ཅིང་།  ཁོང་མིང་གྲགས་ཅན་གྱི་གཞས་པ་ཤིག་མིན་ཡང་སྐུའི་གོ་སྟོན་སྐབས་སུ་ན་གཞོན་གླུ་བ་ཨ་སངས་མཉམ་དུ་ཞི་བདེའི་རྒྱལ་སྲས་ཞེས་པའི་བསྟོད་གླུ་དེ་བསྐྱར་ལེན་བྱས་རྗེས། ཨ་སངས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་གོ་བ་ལྟར་དཔལ་ཆུང་ཡང་འཛིན་བཟུང་བཙན་འཁྲིད་བྱས་པ་ཡིན་འདུག་ལ།  གླུ་བ་དཔལ་ཆུང་གིས་གཉེན་སྒྲིག་བྱས་ཏེ་ལོ་གསུམ་ལྷག་ཕྱིན་ཡོད་པ་མ་ཟད། ཁོང་དང་བཟའ་ཟླ་གཉིས་ལ་རང་ལོ་གསུམ་ཙམ་ཡིན་པའི་བུ་ཞིག་ཀྱང་ཡོད་འདུག

གཞན་ཡང་གོང་གསལ་གསར་ཁང་གིས། ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོ་ལགས་ཀྱིས་༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག འདི་ལོའི་༧སྐུའི་གོ་སྟོན་གྱི་སྐབས་ཏེ་ཕྱི་ཟླ་ ༧ ཚེས་ ༡ ཡས་མས་སུ། རྒྱ་ནག་ཉེན་རྟོག་པས་གློ་བུར་དུ་དགོན་པ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་བཞི་ཙམ་འགྲོ་བཞིན་ཡོད་ཀྱང་། ཁོང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་ཅེས་བཀོད་འདུག 

དེ་བཞིན་དགེ་འདུན་པ་ཚེ་དབང་དོན་གོ་ལགས་རྔ་པ་ཨ་འདུས་སྡེ་པ་ནས་ཡིན་ཞིང་། ཆུང་དུས་ནས་ཨ་འདུས་དགོན་པར་ཆོས་ཞུགས་བྱས་ཏེ། ད་ལྟ་དབུ་མའི་འཛིན་གྲྭའི་ནང་སློབ་གཉེར་བྱེད་ཀྱི་ཡོད་པར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།