ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་ལྷོ་ཨ་རིའི་ས་ཁུལ་ཅི་ལིར་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དབུ་འཛུགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལྷོ་ཨ་རི་ལ་འཚམས་གཟིགས་ཐོག་མ་དེ་འགོ་འཛུགས་གནང་ཡོད་འདུག་ཅིང་། སྐབས་དེ་དུས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་དང་གནང་དང་གནང་བཞིན་ཡོད་འདུག
ཕྱི་ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༦ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་(Chile)ཅི་ལིའི་གྲོང་ཁྱེར་(Santiago)སན་ཀྲི་ཡ་གྷོ་དུ་ཕེབས་འབྱོར་བྱུང་ཡོད་འདུག་ཅིང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན་ནས། ལྷོ་ཨ་མི་རི་ཀའི་གཟིགས་སྐོར་གྱི་ཆ་ཤས་སུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་འགོ་འཛུགས་གནང་ཡོད་འདུག འཚམས་གཟིགས་སྐབས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་དང་། དགེ་བཤེས་བསྟན་འཛིན་སངས་རྒྱས་ཀྱིས་སྣེ་ཁྲིད་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་ལྷན་བཅར་གནང་ཡོད་འདུག་ལ། དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ཅི་ལིའི་གྲོང་ཁྱེར་ཨ་རི་ཀ་ (Arica) རུ་ཉིན་གྲངས་ ༤ རིང་གི་གཞུང་འབྲེལ་འཚམས་གཟིགས་སུ་མ་ཕེབས་གོང་ཅི་ལིའི་ཝལ་པ་རེ་སོ་(Valparaíso) ས་གནས་སུ་ཆེད་ཕེབས་གནང་ཡོད་འདུག སྐབས་དེར་སྐུ་ཞབས་ཝེ་ལ་ཌོ་མི་རཱོ་སེ་ཝིག་ཝར་ཌུ་གྷོ་ (Dy. Vlado Mirosevic Verdugo) ཡིས་སྣེ་ཁྲིད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཅི་ལིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག་ལ། གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཝེ་ལ་ཌོ་མི་རོ་སེ་ཝིག་ (Vlado Mirosevic) ནི་རྒྱུན་ཆད་མེད་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། ཁོང་གིས་ཅི་ལིའི་ས་གནས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩིའི་གོ་སྒྲིག་ཞུས་ཡོད་འདུག་པ་དང་། ལྷག་པར་དུ་ཅི་ལིའི་སྤྱི་ཚོགས་དང་བོད་རིགས་བར་གྱི་འབྲེལ་ལམ་སྲ་བརྟན་དུ་གཏོང་བར་ནུས་པ་སྤུངས་མཁན་གྱི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན་འདུག

ཉིན་དགུང་གསོལ་ཚིགས་གྲོས་ཚོགས་ཚོགས་ཁང་གི་ཐོག་ཁར་འདེགས་འབུལ་ཞུས་ཡོད་འདུག་པ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་གྲོས་ཚོགས་འཐུས་མི་ཝེ་ལ་ཌོ་མི་རོ་སེ་ཝིག གྲོས་ཚོགས་འཐུས་མི་ཐོ་མས་ཧིར་ཤ་ (Tomás Hirsch) གྲོས་ཚོགས་འཐུས་མི་ Ana María Gazmuri གྲོས་ཚོགས་འཐུས་མི་ Luis Malla Valenzuela དང་ལྷན་ཅི་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Fernando Salinas Manfredini, President of Amigos Del Tibet-Chile) བཅས་མཇལ་འཕྲད་གནང་ཡོད་འདུག བཀའ་བློན་ནོར་འཛིན་སྒྲོལ་མས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་འགྲེལ་བརྗོད་གནང་ཡོད་འདུག་ཅིང་། དེ་བཞིན་བོད་དོན་ཐོག་རྒྱལ་སྤྱིའི་དོ་སྣང་དང་འགན་འཁྲིའི་གལ་གནད་སྐོར་གསུང་ཡོད་འདུག བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་གོ་སྟོན་གྱི་དྲན་རྟེན་ཕྱག་རྟགས་དང་ལྷན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་དང་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ཤོག་དྲིལ་ཐོག་ཕུལ་ཡོད་འདུག བཀའ་བློན་ནོར་འཛིན་སྒྲོལ་མ་དང་སན་ཀྲི་ཡ་གྷོ་དུ་རྟེན་གཞི་བྱས་པའི་ཏའི་པེའི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ (Taipei Economic and Cultural Office) ཀྱི་འགོ་འཛིན་ལྕམ་སྐུ་ Liu Yu-chi ལགས་མཇལ་འཕྲད་གནང་ཡོད་འདུག་ལ། སྐབས་དེར་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་རུ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་ཐེབས་ནས་ལོ་ངོ་ཧྲིལ་པོ་ ༨༠ འཁོར་བའི་དུས་དྲན་དང་བསྟུན་སྐུ་ཚབ་རྣམ་གཉིས་ཀྱིས་དམག་འཁྲུག་གི་གྲུབ་འབྲས་དང་ཞི་བདེའི་རིན་ཐང་སྐོར་བགྲོ་གླེང་གནང་བ་དང་། དེ་བཞིན་ཁོང་རྣམ་པ་གཉིས་ནས་ཕན་ཚུན་ལ་བསྔགས་བརྗོད་དང་མི་རིགས་གཉིས་ཀྱི་ཐུན་མོང་གི་འཐབ་རྩོད་དང་། རང་དབང་། མང་གཙོ། རིག་གཞུང་སྲུང་སྐྱོབ་བཅས་ཀྱི་མངོན་འདོད་སྐོར་ལ་གྲོས་བསྡུར་གནང་ཡོད་འདུག

ཨ་རི་ཀ་(Arica)གྲོང་ཁྱེར་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན། འབྲས་སྤུངས་བློ་གསལ་གླིང་གི་གྲྭ་པ་རྣམས་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་། ཆོས་དབྱངས་དང་ཆོ་གའི་རོལ་དབྱངས་སོགས་འདོན་གནང་རྒྱུ་ཡིིན་འདུག་ལ། མཛད་སྒོའི་སྐབས་བཀའ་བློན་ནོར་འཛིན་སྒྲོལ་མ་དང་གྲོས་ཚོགས་འཐུས་མི་ཝེ་ལ་ཌོ་མི་རོ་སེ་ཝིག དེ་བཞིན་ཨ་རི་ཀའི་མི་མང་བཅས་མཉམ་འཛོམས་གནང་རྒྱུ་ཡིན་འདུག མཛད་སྒོ་འདི་ནི་ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་ཞུས་པས། རྒྱལ་སྤྱིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་དྲན་སྲུང་བརྩིའི་སྐོར་སྐྱོད་ཀྱི་ལས་རིམ་ཆ་ཤས་ཤིག་ཡིན་འདུག ཕྱི་ལོ་༢༠༢༥ ཟླ་བ་༧ ཚེས་༡༢ ནས་ཟླ་བ་༩ ཚེས་༡༢ བར་ཟླ་གསུམ་རིང་བ་རཱ་ཛིལ་དང་། ཨར་ཇེན་ཊི་ནཱ། ཅི་ལི། ཀོ་ལམ་བི་ཡཱ། ཀོསྚ་རི་ཀཱ། མེཀ་སི་ཀོ་བཅས་ཀྱི་ས་ཁུལ་དུ་རིག་གཞུང་དང་ཆོས་ཕྱོགས་ཀྱི་སྐོར་སྐྱོད་སྐབས་དགོན་སྡེ་ཁག་གི་སྐུ་ཚབ་རྣམས་གདན་ཞུ་གནང་ཡོད་འདུག་པ་དང་། ལས་གཞི་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་རྒྱལ་སྤྱིའི་ནང་བྱམས་བརྩེ་གོང་སྤེལ་གཏོང་ཆེད་དུ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།