རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བོད་པའི་སྒྱུ་རྩལ་པའི་རི་མོ་ཕྱིར་བསྡུ་བྱེད་བཅུག་འདུག

ཉེ་ཆར་ཐེ་ལན་ཌིའི་ནང་སྒྱུ་རྩལ་པའི་དུས་སྟོན་ཞིག་འཚོགས་ཡོད་འདུག་ཅིང་། སྐབས་དེ་དུས་བོད་པ་གཙོས་པའི་ཧོང་ཀོང་དང་། ཡུ་གུར་བཅས་ཀྱི་སྒྱུ་རྩལ་པ་ཚོའི་རི་མོ་དག་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་འོག་ཕྱིར་བསྡུ་བྱེད་བཅུག་འདུག
ཕྱི་ཚེས་༡༡ ཉིན་(The Print)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཕྱི་ཟླ་༧ པའི་ཚེས་༢༤ ཉིན་ནས་ཐེ་ལན་ཌིའི་རྒྱལ་ས་སྦེང་ཀོག་ནང་མཐའ་མཚམས་བརྒལ་ནས་མཉམ་ལས་བྱེད་མཁན་གྱི་དབང་འཛིན་སྲིད་གཞུང་སྐོར་གྱི་འགྲེམས་སྟོན་ཞེས་པ་ཞིག་འགོ་འཛུགས་བྱས་ཡོད་འདུག་ཀྱང་། འགྲེམས་སྟོན་འགོ་བཙུགས་པའི་ཉིན་གསུམ་པར་ས་གནས་རྒྱ་ནག་གཞུང་ཚབ་ཁང་ནས་ཐེ་ལན་ཌིའི་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་པ་གཙོས་པའི་ཧོང་ཀོང་བ། ཡུ་གུར་བ་བཅས་ད་ལྟ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོ་དང་འབྲེལ་བའི་རི་མོ་དང་སྒྱུ་རྩལ་གྱི་དངོས་པོ་རྣམས་ཕྱིར་བསྡུ་བྱེད་དགོས་བྱུང་འདུག ཐོག་མར་འགྲེམས་སྟོན་གྱི་ལས་རིམ་དེ་སྒོ་རྒྱག་དགོས་དོན་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་བརྒྱུད། སྦེང་ཀོག་གྲོང་ཁྱེར་གྱི་སྲིད་གཞུང་ནས་ཀྱང་གནོན་ཤུགས་སླེབས་ཡོད་འདུག་པས། མཐར་གོ་སྒྲིག་ཚོགས་པས་བོད་པ་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་སྒྱུ་རྩལ་བ་ཚོས་བྲིས་པའི་རི་མོ་དང་། བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་མིང་བྲིས་པའི་སྒྱུ་རྩལ་གྱི་དངོས་པོ་རྣམས་ཕྱིར་བསྡུ་བྱེད་བཅུག་ཡོད་འདུག
གནད་དོན་དེའི་སྐོར་གྱི་གནས་ཚུལ་གཙོ་བོ་(Reuters)རུ་ཊར་གསར་ཁང་གིས་སྤེལ་འདུག་ཅིང་། བདུན་ཕྲག་སྔོན་མའི་ཚེས་༧ ཉིན་རུ་ཊར་གསར་ཁང་ས་གནས་རང་ལ་ལྟ་སྐོར་འགྲོ་དུས། དེ་སྔོན་ཁྱབ་བསྒྲགས་དང་འགྲེམས་སྟོན་བྱས་པའི་རི་མོ་དང་སྒྱུ་རྩལ་གྱི་དངོས་པོ་མང་པོ་ཞིག་མཐོང་སར་མེད་པ་དང་། དམིགས་བསལ་བོད་དང་ཧོང་ཀོང་། ཡུ་གུར་བཅས་བྲིས་པའི་མིང་གཅིག་ཀྱང་མཐོང་ས་མེད་པར་བརྗོད་འདུག
ཕྱི་ཚེས་༣༠ ཉིན་འགྲེམས་སྟོན་གྱི་འགན་འཛིན་དང་ད་ལྟ་སྐྱབས་བཅོལ་དུ་ཡོད་པའི་འབར་མའི་སྒྱུ་རྩལ་པ་(Sai)སའེ་ཡིས་རྒྱ་ནག་གཞུང་ཚབ་ཁང་གིས་ཐེ་ལན་ཌིའི་ཕྱི་སྲིད་ལྷན་ཁང་བརྒྱུད་ནས་སྦེང་ཀོག་གི་གྲོང་ཁྱེར་སྲིད་གཞུང་ལ་གནོན་ཤུགས་སྤྲད་ཡོད་འདུག་པ་དང་། འགྲེམས་སྟོན་གྱི་ལས་རིམ་དེ་ལ་བརྟེན་ནས་རྒྱ་ནག་དང་ཐེ་ལན་ཌི་གཉིས་བར་རྩོད་རྙོག་བཟོ་རྒྱུའི་ཉེན་ཁ་ཡོད་ཚུལ་གྱི་ཉེན་བརྡ་བཏང་ཡོད་པར་བརྟེན། ཁོང་ཚོ་ལ་བོད་པ་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་རི་མོའི་སྒྱུ་རྩལ་དང་དེ་དག་གི་མིང་འཁོད་པའི་དངོས་པོ་རྣམས་མེད་པ་མ་བཟོས་ཐབས་མེད་ཆགས་སོང་ཞེས་རུ་ཊར་གསར་ཁང་ལ་བརྗོད་ཡོད་འདུག ད་དུང་ཁོང་གིས་རྒྱ་ནག་གི་བྱ་སྤྱོད་དེ་ནི་ཧ་ཅང་གིས་འཁྱོག་བཤད་ཀྱི་ལས་ཀ་ཞིག་དང་། མཉམ་འབྲེལ་བྱས་པའི་འགྲེམས་སྟོན་ཞིག་ལ་དབང་ཆ་སྒེར་སྤྱོད་པའི་གནོན་ཤུགས་འོག་ནས་བཀག་འགོག་བྱས་པ་ཞིག་རེད་ཅེས་ཟུར་ཟ་བྱས་ཡོད་འདུག་པ་དང་། ཁོང་ད་ལྟ་ཐེ་ལན་ཌིའི་ཉེན་རྟོག་པས་འཚོལ་བཞིན་ཡོད་འདུག་པས། གབ་ནས་བསྡད་ཡོད་འདུག འདི་ལོ་ཐེ་ལན་ཌིའི་གཞུང་གིས་ལྐོག་ནས་ཡུ་གུར་གྱི་མི་སེར་༤༠ ཕྱིར་རྒྱ་ནག་ལ་བརྩི་སྤྲད་ཡོད་འདུག་ཅིང་། མི་སེར་དེ་དག་ནི་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་ནས་བྲོས་བྱོལ་དུ་ཡོང་སྐབས་ཐེ་ལན་ཌིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་མི་སེར་ཡིན་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཚོགས་སྡེ་ཁག་མང་པོས་སྐྱོན་བརྗོད་དང་། མི་སེར་དེ་དག་རྒྱ་ནག་གི་མནར་གཅོད་དང་སྡུག་སྦྱོང་འོག་ཚེ་སྲོག་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་ཡོད་འདུག ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབས་ཡོད་འདུག་པ་དང་། ཉེ་ཆར་གཟའ་ལྷག་པའི་ཉིན་ཐེ་ཝན་དང་འབྲེལ་བའི་སྒྱུ་རྩལ་གྱི་དངོས་པོ་ཞིག་ཕྱིར་བསྡུ་བྱེད་དགོས་པར་བརྗོད་ཡོད་འདུག་ཅིང་། དེ་ཡང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་དགོས་པ་དང་། རྒྱ་རིགས་ཡོངས་རྫོགས་ཀྱི་སྐུ་ཚབ་ནི་རྒྱ་ནག་གཅིག་ལས་གཞན་ཡོད་མ་རེད་བརྗོད་ནས་གནོན་ཤུགས་སྤྲད་འདུག
དེ་བཞིན་བོད་པའི་སྒྱུ་རྩལ་པ་བསྟན་འཛིན་མི་འགྱུར་དཔལ་སྒྲོལ་གྱིས་འགྲེམས་སྟོན་ཁང་ཞེས་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་དགོས་པ་ལས། ལྟ་གྲུབ་དང་སྒེར་གཅོད་སྲིད་གཞུང་གི་ཆེད་དུ་མ་རེད་ཅེས་བརྗོད་འདུག་ཅིང་། ཁོང་གི་སྒྱུ་རྩལ་རྣམས་གནས་སྟངས་འདི་ལྟ་བུ་ཞིག་གི་འོག་ནས་བཀག་འགོག་བྱས་པ་ནི་རྒྱ་ནག་གཞུང་གིས་བོད་མི་རྣམས་འཛམ་གླིང་འདི་ནས་མེད་པ་བཟོ་འདོད་ཆེ་བའི་དབང་གིས་ཡིན་པ་དང་། ལྷག་པར་དུ་ཁོང་ཚོས་མི་རིགས་གཞན་ལ་བཙན་འཛུལ་དང་མི་རིགས་རྩ་མེད་གཏོང་བ་དང་འབྲེལ་བ་མེད་མདོག་བྱེད་ཀྱི་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག ཐེངས་འདིའི་གནད་དོན་དང་འབྲེལ་ནས་གསར་འགོད་པས་ཚོས་རྒྱ་ནག་གཞུང་ཚབ་ཁང་དང་། ཐེ་ལན་ཌིའི་ཕྱི་སྲིད་ལྷན་ཁང་། སྦེང་ཀོག་གྲོང་ཁྱེར་སྲིད་གཞུང་བཅས་ལ་དྲི་བ་བཏང་ཡོད་འདུག་ཀྱང་ལན་འདེབས་གང་ཡང་བྱུང་ཡོད་མི་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།