ཧོང་ཀོང་གི་རང་དབང་འཐབ་རྩོད་པ་གྲགས་ཅན་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་རྒྱུའི་ཉེན་ཁ་ཡོད་འདུག

ཧོང་ཀོང་རང་དབང་འཐབ་རྩོད་པ་གྲགས་ཅན་ཇེམ་མི་ལེའེ་ལ་(Jimmy Lai)རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེའི་འོག་ནས་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཁ་ཡོད་འདུག་ཅིང་། དེ་རིང་ཁོང་ལ་རྒྱ་ནག་གིས་ཁྲིམས་ཞིབ་མཐའ་མ་དེ་བྱེད་རྒྱུ་ཡིན་འདུག
ཕྱི་ཚེས་༡༤ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་དང་། ཚོང་པ་གྲགས་ཅན། ཀུ་ཤུ་ཞེས་པའི་གསར་ཁང་གི་བདག་པོ་(Jimmy Lai)ཞེས་པ་ཁོང་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། སྐབས་དེ་དུས་ནས་ཁོང་ལ་དོན་ཚན་མང་པོ་ཞིག་གི་ཉེས་འཛུགས་བྱས་ཡོད་འདུག
ཁོང་ནི་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲོའོ་(Guangzhou)ཞིང་ཆེན་ནང་གི་ཁྱིམ་ཚང་འབྱོར་ལྡན་ཞིག་ཏུ་སྐྱེས་ཡོད་འདུག་ཅིང་། ཁོང་རང་ལོ་༡༢ ཡིན་དུས་ཧོང་ཀོང་ནང་སླེབས་ཡོད་འདུག ཕྱིས་སུ་ཁོང་གིས་གྱོན་ཆས་ཚོང་ཁང་ཞིག་བཙུགས་ཤིང་། གྱོན་ཆས་ཚོང་ཁང་དེ་རྒྱ་སྐྱེད་བྱས་ནས་ཚོང་ལས་ཐད་གྲུབ་འབྲས་ཆེན་པོ་ཐོན་ཏེ་སྒོར་ཐེར་འབུམ་གྱི་བདག་པོ་རུ་གྱུར་ཡོད་འདུག ཕྱི་ལོ་༡༩༨༩ ལོར་རྒྱ་ནག་ནང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོ་དོན་གཉེར་བའི་ཞི་བའི་ངོ་རྒོལ་བྱེད་དུས་(Jimmy Lai)ཁོང་གིས་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་འདུག་ཅིང་། ཕྱིས་སུ་ཁོང་རང་ཉིད་ཀྱང་དམངས་གཙོ་དོན་གཉེར་བ་ཞིག་གྱུར་ནས་ཚགས་པར་འདྲ་མིན་ནང་དམངས་གཙོའི་ཆེད་དུ་རྩོམ་དུ་མ་བྲིས་མྱོང་ཡོད་འདུག དུས་དེ་ནས་བཟུང་མི་མང་ཁྲོད་ཁོང་ཧ་ཅང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་ཞིག་ཏུ་གྱུར་ཡོད་འདུག་ལ། དེ་རྗེས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཁོང་གི་ཚོང་ལས་ལ་དཀའ་ངལ་དུ་མ་འཕྲད་ཡོད་འདུག་ཅིང་། ཁོང་གིས་བཙུགས་པའི་ཀུ་ཤུ་གསར་ཁང་ལ་ཡང་གནོན་ཤུགས་ཆེན་པོ་སླེབས་ཡོད་འདུག

ཧོང་ཀོང་གི་མི་མང་ཁྲོད་ཁོང་ནི་དམངས་གཙོ་སྲུང་སྐྱོབ་ཆེད་རྟག་ཏུ་མི་མང་གི་མདུན་དུ་འཐོན་མཁན་གྱི་དཔའ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག་པ་དང་། མི་མང་ཁྲོད་ཁོང་ལ་ཆེ་མཐོང་ཆེན་པོ་ཡོད་འདུག འོན་ཀྱང་། རྒྱ་ནག་གཞུང་གི་མིག་ནང་ཁོང་ནི་རྒྱལ་ཚོང་བའམ་ནང་རུལ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་ལག་བསྟར་བྱེད་འགོ་འཛུགས་དུས། ཁོང་གིས་བྷི་བྷི་སི་གསར་ཁང་ལ་ཁྲིམས་ལུགས་དེ་ནི་འཛམ་གླིང་ནང་དཔལ་འབྱོར་གྱི་ལྟེ་གནས་གལ་ཆེ་ཞིག་ཏུ་གྱུར་པའི་ཧོང་ཀོང་ས་ཁུལ་དེ་རྩ་གཏོར་འགྲོ་རྒྱུའི་སྔོན་རྟགས་ཡིན་པ་དང་། ཁྲིམས་ལུགས་ཀྱིས་དབང་བསྒྱུར་མེད་པའི་ལྐོག་ས་རུལ་སུངས་ཀྱི་ལྟེ་གནས་ཤིག་ལ་འགྱུར་རྒྱུ་ཡིན་པར་བརྗོད་མྱོང་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༡ ལོ་ཁོང་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་ཧོང་ཀོང་སྲུང་སྐྱོབ་བྱེད་རོགས་ཞེས་ཀུ་ཤུ་གསར་ཁང་གི་ཚགས་པར་མདུན་ཤོག་ཐོག་རྩོམ་ཡིག་ཞིག་བྲིས་ཡོད་འདུག ད་དུང་ཁོང་གིས་ང་ཐོག་མར་ཧོང་ཀོང་ལ་ཡོང་འདོད་གང་ཡང་མེད། འོན་ཀྱང་། རང་དབང་ལྡན་པའི་ཧོང་ཀོང་གྲོང་ཁྱེར་གྱིས་ཡོད་ཚད་ང་ཚོ་ལ་གནང་མྱོང་། ད་ལྟ་གྲོང་ཁྱེར་དེའི་རང་དབང་གི་ཆེད་དུ་ངའི་ཡོད་ཚད་བློས་གཏོང་དགོས་པའི་དུས་ལ་སླེབས་ཡོད་པ་འདྲ་ཞེས་བརྗོད་འདུག
ཁོང་ཕྱི་ལོ་༢༠༢༠ ཟླ་བ་༨ པའི་ནང་དངོས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ད་བར་བཙོན་ཁང་དུ་ཡོད་འདུག་ཅིང་། ད་ལོ་ཁོང་གི་ལོ་༧༧ ཡིན་འདུག ཁོང་ལ་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱི་མི་སེར་ལག་ཁྱེར་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་མི་གཅིག་ལ་མི་སེར་ལག་འཁྱེར་གཉིས་ངོས་ལེན་བྱེད་ཀྱི་མེད་པར་བརྟེན། དབྱིན་ཡུལ་གྱི་སྲིད་བློན་(Keir Starmer)ཡིས་ཁོང་གང་མགྱོགས་གློད་དགོས་པར་བརྗོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་ཡོད་མི་འདུག (Jimmy Lai)ཁོང་ནི་ཧོང་ཀོང་གི་རང་དབང་འཐབ་རྩོད་ཁྲོད་མི་སྣ་གལ་ཆེ་ཤོས་ཤིག་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཞིག་ཏུ་གྱུར་ནས་རྒྱ་ནག་གཞུང་དང་ཐད་ཀར་གདོང་ཐུག་ཐེངས་མང་པོ་བྱུང་མྱོང་ཡོད་འདུག་ཅིང་། ཁོང་གིས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་ལག་བསྟར་འགོ་བཙུགས་པ་དེ། དམར་ཤོག་ཚོགས་པའི་ཁྲོད་ཀྱི་ཁ་གཏད་མི་སྣ་ཚོ་མེད་པ་བཟོ་ཆེད་ཀྱི་ལག་ཆ་བྱས་པ་རེད་ཅེས་བརྗོད་འདུག དེ་རིང་ཁོང་ལ་རྒྱ་ནག་གཞུང་གིས་ཁྲིམས་ཞིབ་མཐའ་མ་དེ་བྱེད་ཀྱི་ཡོད་འདུག་པ་དང་། དེ་སྔོན་ནས་ཁོང་ལ་ནག་ཉེས་མང་པོ་ཞིག་བཙུགས་ཡོད་འདུག་པས། ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག་པར་བརྟེན། རྒྱལ་སྤྱིའི་ཐོག་ཁོང་གི་ཁྲིམས་ཞིབ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།

