རྒྱ་དཀར་ནག་གཉིས་བར་ས་མཚམས་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་དུ་མ་ཞིག་ལ་གྲོས་མཐུན་བྱུང་འདུག 

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་ཡོང་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱིས་རྒྱ་དཀར་ནག་གཉིས་བར་ཚོང་འབྲེལ་དང་། ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་སོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་མོལ་བྱས་ནས་གྲོས་མཐུན་མང་པོ་ཞིག་བཞག་འདུག 

ཕྱི་ཚེས་༡༩ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་བློན་ཝང་ཡེ་རྒྱ་གར་དུ་ཡོང་ཞིང་། ཉིན་དེར་རྒྱ་ནག་གི་སྲིད་བློན་གྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་(Jaishankar)་དང་ཐུག་འཕྲད་བྱས་པ་དང་། ཁ་སང་གཟའ་མིག་དམར་ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་ཨ་ཇི་ཐི་དྷོ་ཝལ་(Ajit Doval )དང་ཐུག་འཕྲད་ཀྱིས་ཧིན་བོད་ས་མཚམས་སྐོར་གྲོས་མོལ་ཐེངས་༢༤ པ་འཚོགས་ཡོད་འདུག་ཅིང་། ས་མཚམས་གནད་དོན་སྐོར་གྲོས་མོལ་བྱེད་དུས། གནད་དོན་གཙོ་བོ་ཕྱོགས་སོ་སོའི་ས་མཚམས་སུ་དུས་ཡུན་རིང་པོར་དམག་མི་ཕོན་ཆེན་སྒྲིག་འཇོག་བྱས་ཡོད་པ་དང་། ད་ལྟ་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་ཕྱོགས་སོ་སོ་ནས་དམག་མི་ཁྲི་ལྔ་ནས་ཁྲི་དྲུག་བར་སྒྲིག་འཇོག་བྱས་ཡོད་པར་འདུག་པར་བརྟེན། ས་མཚམས་སུ་ཞི་འཇམ་ཡོང་ཐབས་སྐོར་གྲོས་མོལ་བྱས་ཡོད་འདུག་ལ། ཕྱོགས་གཉིས་ཀ་ཡིས་ས་མཚམས་གནད་དོན་དང་འབྲེལ་མཁས་པའི་ཚོགས་ཆུང་ཞིག་འཛུགས་རྒྱུ་དང་། ཚོགས་ཆུང་དེ་ཡང་ས་མཚམས་ཀྱི་གནད་དོན་སྐོར་བགྲོ་གླེང་དང་མཐུན་འགྱུར་བྱེད་མཁན་གྱི་ལྷན་ཚོགས་(Working Mechanism for Consultation and Coordination )ཟེར་བའི་ལྷན་ཚོགས་ཤིག་གི་འོག་ནས་འཛུགས་རྒྱུ་ཡིན་པར་བརྗོད་འདུག (WMCC)ཟེར་བའི་ལྷན་ཚོགས་དེ་ཕྱི་ལོ་༢༠༡༢ ལོར་གསར་དུ་བཙུགས་ཡོད་འདུག་ཅིང་། ལྷན་ཚོགས་དེའི་བརྒྱུད་ནས་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་ལས་དོན་རྣམས་ཕན་ཚུན་གོ་བསྡུར་དང་མཐུན་འགྱུར་བྱེད་ཀྱི་ཡོད་པར་བརྗོད་འདུག གོང་གསལ་གྱི་གནད་དོན་དེ་ཝང་ཡེ་རྒྱ་གར་ལ་ཡོང་བའི་སྐབས་འདིར་ཐག་གཅོད་བྱུང་ཡོད་འདུག གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་བློན་གྱིས་སྲིད་བློན་མུ་དྷི་དང་ཐུག་ནས་ཞིན་ཅིན་ཕེང་གིས་མུ་དྷི་ལ་(Shanghaiཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་གདན་ཞུའི་མགྲོན་ཤོག་བསྐུར་པ་དེ་སྤྲད་ཡོད་འདུག་ལ། གལ་སྲིད་མུ་དྷི་ལྷན་ཚོགས་དེའི་ཐོག་ཏུ་ཕྱིན་ཚེ་འདས་པའི་མི་ལོ་བདུན་ནམ་ཕྱི་ལོ་༢༠༡༨ ནས་ཐེངས་དང་པོ་རྒྱ་ནག་ཕྱིན་པ་ཆགས་ཡོད་འདུག སྲིད་བློན་གཉིས་ཐུག་འཕྲད་སྐབས་སུ་སྲིད་བློན་མུ་དྷི་ནས་ས་མཚམས་ཀྱི་གནད་དོན་ཐད་ཕྱོགས་སོ་སོ་ནས་དྲང་པོ་དང་མཐུན་ལམ་ཐོག་ཞི་འགྲིག་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། དེ་བཞིན་རྒྱལ་ཁབ་སོ་སོའི་བདེ་འཇགས་དང་དཔལ་འབྱོར་ཡར་རྒྱས་ཐད་རྒྱལ་ཁབ་གཉིས་ཀ་ཕན་ཚུན་གལ་ཆེན་པོ་ཆགས་ཡོད་པ་ཡང་བརྗོད་འདུག 

ད་ཆར་རྒྱ་དཀར་ནག་གཉིས་བར་མཐུན་ལམ་ཡོང་དོན་གཙོ་བོ་གཅིག་ནི་ཨ་རིའི་སྲིད་འཛིན་ཊོམ་ནས་རྒྱ་དཀར་ནག་གཉིས་ཀྱི་དངོས་ཟོག་ཐོག་སྒོ་ཁྲལ་ཕོན་ཆེན་པོ་བཀལ་བའི་རྐྱེན་གྱིས་ཡིན་པར་རྗོད་ཀྱི་འདུག་ལ། རྒྱ་གར་ལྟ་བུར་མཚོན་ན་ཨ་རིའི་གཞུང་གིས་སྒོ་ཁྲལ་བརྒྱ་ཆ་༥༠ བཀལ་ཡོད་པ་རེད། 

ཐེངས་འདིའི་རྒྱ་དཀར་ནག་གི་གྲོས་མོལ་ལ་བརྟེན་ནས་གཤམ་གྱི་གྲོས་མཐུན་རྣམས་ཞི་འགྲིགས་བྱུང་ཡོད་འདུག 

༡ ས་མཚམས་ཀྱི་གནད་དོན་དེ་ཕྱོགས་གཉིས་ཀ་ཡིས་ཆབ་སྲིད་ཀྱི་ལྟ་ཚུལ་ཐོག་ནས་དྲང་པོ་དང་། རྒྱུ་མཚན་ལྡན་པ། ཕན་ཚུན་ངོས་ལེན་ཡོད་པའི་ཐོག་ནས་ཞི་འགྲིགས་བྱེད་དགོས་ཤིང་། དེ་ཡང་ཕྱི་༢༠༠༥ ལོར་ཆབ་སྲིད་ཀྱི་ཚད་ཐིག་དང་གཞི་རྩའི་ལམ་སྟོན་གྱི་སྲིད་བྱུས་གཞིར་བཟུང་བྱེད་དགོས་པ། 

༢ (WMCC )ཟེར་བའི་ལྷན་ཚོགས་འོག་ནས་མཁས་པའི་ཚོགས་ཆུང་ཞིག་བཙུགས་ཏེ་ས་མཚམས་ཀྱི་དཀའ་རྙོག་ཐད་ཞིབ་འཇུག་བྱེད་རྒྱུ་ཡིན་པ། 

༣ (WMCC )འོག་ཏུ་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ་ས་མཚམས་ཀྱི་འཛིན་སྐྱོང་དང་། ས་མཚམས་སུ་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་སུ་ལྟ་སྐྱོང་བྱེད་རྒྱུ།

༤ ཧིན་བོད་ས་མཚམས་ཀྱི་ཤར་ཕྱོགས་དང་དབུས་གཉིས་ཀྱི་གནད་དོན་ཐད་དམག་དཔོན་རིམ་པའི་ཐོག་ནས་རྩོད་རྙོག་སེལ་ཐབས་སུ་ཐབས་ལམ་གསར་འཛུགས་བྱེད་རྒྱུ་དང་། ནུབ་ཕྱོགས་ས་ཁུལ་གྱི་གནད་དོན་ཐད་སྔར་ཡོད་པའི་ཐབས་ལམ་རྒྱུན་འཁྱོང་བྱེད་རྒྱུ་དང་སྦྲགས། བསྐྱར་དུ་དེའི་སྐོར་ཚོགས་འདུ་ཞིག་འཚོག་རྒྱུ།

༥ ཕྱོགས་གཉིས་ཀས་མ་འོངས་པར་ས་མཚམས་འཛིན་སྐྱོང་གི་གནད་དོན་ཐད་ད་ལྟ་ཡོད་པའི་ཕྱི་སྲིད་ལྷན་ཁང་དང་དམག་དོན་རིམ་པའི་ཐོག་ནས་རྩོད་རྙོག་སེལ་ཐབས་བྱེད་རྒྱུ་དང་། དེ་ཡང་གཞི་རྩའི་སྲིད་བྱུས་དང་ཐབས་ལམ་ཐོག་ནས་འགོ་འཛུགས་དགོས་པ་བཅས་འཁོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།