ལྷོ་ཀོ་རི་ཡས་རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་བཞིན་འདུག
ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་བདམས་ནས་བཟུང་རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་སྲིད་འཛིན་ཞིག་གིས་ལས་འགན་ཁུར་རྗེས། ཕྱི་རྒྱལ་གྱི་སྐོར་བསྐྱོད་ཐོག་མ་དེ་ཨ་རི་ལ་མ་ཕྱིན་པར་ཉི་ཧོང་དུ་ཕྱིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༤ ཉིན། རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་ཇེ་མོང་གིས་ཁོང་ཉིད་ཨ་རིའི་སྲིད་འཛིན་ཊོམ་ལ་ཐུག་འཕྲད་ཆེད་ཕྱིན་པའི་སྐབས་དང་བསྟུན། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་པ་ཁི་ཇོམ་སིག་༼Park Byeong-seug༽ ་གིས་སྣེ་ཁྲིད་པའི་དམིགས་བསལ་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་མངགས་གཏོང་བྱས་ཡོད་པར་བཀོད་འདུག་པ་བཞིན།
ཁ་སང་རེས་གཟའ་ཉི་མའི་ཉིན། ལྷོ་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་ཚོགས་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེང་བར་ཐུག་འཕྲད་བྱས་ཡོད་པ་དང་། ཐུག་འཕྲད་དེ་ནི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༣༣ འཁོར་བའི་དུས་དྲན་དང་འཁེལ་ཡོད་འདུག སྐབས་དེར་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་པ་པ་ཁི་ཇོམ་སིག་གིས་རྒྱ་ནག་གི་སྲིད་བློན་ཝང་ཡེང་ལ། ཉེ་བའི་ལོ་ཤས་ནང་ཛ་དྲག་ཏུ་གྱུར་པའི་ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་ལམ་རྒྱུན་ལྡན་དུ་གཏོང་བའི་སྒོ་མོ་འབྱེད་པར་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག ཁོང་གིས་རྗེས་སུ་གསར་འགོད་པར། ལྷོ་ཀོ་རི་ཡའི་སྲིད་གཞུང་གསར་པས་ལྷོ་ཀོ་རི་ཡའི་གནའ་འབྲེལ་མུ་མཐུད་གོང་འཕེལ་གཏོང་རྒྱུའི་ཞོར་དུ། རྒྱལ་ཁབ་ཀྱི་ཁེ་ཕན་གཞི་ལ་བཞག་ནས་ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་ཚོང་དོན་དང་ཆབ་སྲིད། རིག་གཞུང་སོགས་ཀྱི་གནད་དོན་ཐོག་མཉམ་ལས་༼Strategic Cooperation Partnership༽ གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
དེ་བཞིན་ལྷོ་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དམིགས་བསལ་སྐུ་ཚབ་ཀྱི་སྣེ་ཁྲིད་པ་པ་ཁི་ཇོམ་སིག་གིས་སྲིད་འཛིན་ལི་ཇེ་མོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བསྐུར་བའི་འཕྲིན་ཡིག་ཅིག་སྲིད་བློན་ཝང་ཡེང་ལ་སྤྲད་པ་དང་། ཞི་ཅིན་ཕིང་ཟླ་བ་བཅུ་པའི་ནང་ལྷོ་ཀོ་རི་ཡའི་ནང་དུ་འཚོག་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་འགོ་ཁྲིད་ལྷན་ཚོགས་སུ་ཡོང་རྒྱུའི་གདན་འདྲེན་ཞུས་ཡོད་འདུག
གཞན་ཡང་༼South china morning post༽ ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕྱིན་པའི་ཉིན། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཉི་ཧོང་ནང་གི་སྐོར་བསྐྱོད་མཇུག་བསྒྲིལ་ཡོད་འདུག སྐོར་བསྐྱོད་དེ་ནི་སྲིད་འཛིན་གྱི་ལས་འགན་ཁུར་ནས་བཟུང་འགོ་ཁྲིད་གསར་པའི་ཕྱི་རྒྱལ་གྱི་སྐོར་བསྐྱོད་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཕྱི་ལོ་༡༩༦༤ སྟེ། ལྷོ་ཀོ་རི་ཡས་ཉི་ཧོང་དང་ཕྱི་འབྲེལ་དངོས་སུ་བཙུགས་ནས་བཟུང་། སྲིད་འཛིན་ལི་ཇེ་མོང་ནི་ལས་འགན་ཁུར་རྗེས། ཨ་རིར་ཕྱི་རྒྱལ་གྱི་སྐོར་བསྐྱོད་ཐོག་མར་མི་འགྲོ་མཁན་གྱི་ལྷོ་ཀོ་རི་ཡའི་སྲིད་འཛིན་དང་པོ་དེ་ཆགས་ཡོད་འདུག
ད་ལྟའི་ཆར་ཁོང་ཨ་རི་ལ་འབྱོར་ཡོད་པ་མ་ཟད། ས་གནས་ཀྱི་རེས་གཟའ་ཟླ་བའི་ཉིན། ཨ་རིའི་སྲིད་འཛིན་ཊོམ་དང་ཐུག་འཕྲད་བྱ་རྒྱུ་ཡིན་འདུག ཁོང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཆགས་པ་ནས་བཟུང་། རྒྱ་ནག་དང་ལྷོ་ཀོ་རི་ཡའི་བར་གྱི་འབྲེལ་ལམ་བཟང་དུ་འགྲོ་འགོ་བཙུགས་ཡོད་འདུག་པ་དང་། ཁ་སང་རེས་གཟའ་ཉི་མའི་ཉིན། ལྷོ་ཀོ་རི་ཡ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ཏའེ་པིང་གིས། ལྷོ་ཀོ་རི་ཡའི་གཞུང་གསར་པས་ལས་འགན་བཞེས་པ་ནས་བཟུང་། རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་གྱི་འགོ་ཡག་པོ་ཞིག་བཙུགས་ཡོད་ཅེས་བརྗོད་འདུག
ལྷོ་ཀོ་རི་ཡས་ཀྱང་། ཟླ་༩ ་ཚེས་༢༩ ནས་སང་ལོའི་ཟླ་༦ ་བར། རྒྱ་ནག་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་ཚོགས་པར་མཐོང་མཆན་མི་དགོས་པའི་འཛུལ་ཞུགས་ཀྱི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་ལ། ལོ་འདིའི་ཕྱི་ཟླ་༦ པའི་ནང་། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཁ་པར་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྐད་ཆ་བཤད་ཡོད་འདུག
གསར་འགྱུར་བརྒྱུད་ལམ་གཞན་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་གོང་མ་ཡུན་སུག་ཡོལ་གྱི་སྐབས། ལྷོ་ཀོ་རི་ཡའི་ཕྱི་འབྲེལ་སྲིད་ཇུས་ནི་ཨ་རི་དང་ཉི་ཧོང་གི་ཕྱོགས་སུ་ཁ་ལོ་བསྒྱུར་ཤུགས་ཆེ་བས། དེས་རྒྱ་ནག་ལ་སེམས་འཚབ་དང་མི་དགའ་བ་ཆེན་པོ་བཟོས་ཡོད་ན་ཡང་། ད་ལྟའི་སྲིད་འཛིན་ནི་རྒྱ་ནག་ལ་མཁྲེགས་འཛིན་བྱེད་མཁན་ཞིག་མིན་པར་བརྟེན། ཁོང་གིས་ལས་འགན་ཁུར་མ་ཐག་ཏུ་རྒྱ་ནག་དང་འབྲེལ་ལམ་བསྐྱར་གསོ་བྱེད་རྒྱུའི་འབད་བརྩོན་ཤུགས་ཆེན་བྱས་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།