བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲའི་བཙོན་འཇུག་གི་དུས་ཡུན་རིང་དུ་བཏང་འདུག
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲའི་བཙོན་འཇུག་གི་དུས་བཀག་ཚང་ཡོད་ཀྱང་། ད་དུང་རྒྱ་ནག་གཞུང་གིས་དུས་ཡུན་ཕར་འགྱངས་བྱས་ནས་ཕྱི་ལོ་༢༠༢༦ ཟླ་༢ པའི་བར་བཙོན་འཇུག་བྱེད་རྒྱུ་ཡིན་འདུག
ཕྱི་ཚེས་༣ ཉིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ཚོགས་པ་དང་། གཞན་བོད་དོན་དང་འབྲེལ་བའི་ཚོགས་པ་ཁྱོན་༡༤༧ གྱིས་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲའི་བཙོན་འཇུག་གི་དུས་ཡུན་ཕར་འགྱངས་བྱས་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲས་ས་གནས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་བྱས་པ་དང་། ཁྲིམས་འགལ་གྱི་རི་དྭགས་རྔོན་པ། ཁོར་ཡུག་ལ་གནོད་འཚེ་བཟོས་པ་སོགས་ཐེར་འདོན་བྱས་པའི་ཉེས་མིང་འོག ཕྱི་ལོ་༢༠༡༨ ཟླ་བ་༩ ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་འདས་པའི་མི་ལོ་༧ གྱི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་འདི་ལོ་ཕྱི་ཟླ་༩ པའི་ནང་དུས་ཡུན་ཚང་གི་ཡོད་ན་ཡང་། རྒྱུ་མཚན་གང་ཡིན་མི་ཤེས་པར། ལོ་རྗེས་མའི་ཟླ་༢ པའི་བར་བཀག་ཉར་བྱེད་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཐོན་འདུག
ཨ་ཉ་སེང་སྒྲ་ལྟ་བུར་མཚོན་ན། ཁོང་གིས་བོད་ནང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་དང་ཁོར་ཡུག་གཏོར་སྐྱོན། ཁྲིམས་འགལ་གྱིས་རི་དྭགས་རྔོན་པ་སོགས་ཐེར་འདོན་བྱས་པའི་དབང་གིས་རྒྱ་ནག་གཞུང་གི་བཙོན་ཁང་དུ་ལུས་སེམས་གཉིས་ལ་སྡུག་སྦྱོང་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། ཕྱི་ལོ་༢༠༢༢ སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་དེ་ཨ་ཉ་སེང་སྒྲ་ལ་ཕུལ་ཡོད་འདུག
ཁོང་བཙོན་ཁང་དུ་སྡུག་སྦྱོང་ཚད་མེད་མྱོང་བཞིན་ཡོད་པའི་དབང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་མཁས་པ་ཚོས་ཁོང་གློད་བཀྲོལ་གཏོང་དགོས་པ་དང་། བཙོན་འཇུག་ཉེས་ཆད་ཡང་དུ་གཏོང་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་ཡོད་འདུག
དེ་བཞིན་འགྲོ་བ་མིི་ཐོབ་ཐང་སྐོར་གྱི་མཁས་པ་ཚོས་ཨ་ཉ་སེང་སྒྲ་ཁོང་བཙོན་འཇུག་བྱས་པ་ནི་གྲངས་ཉུང་མི་རིགས་ཤིག་གི་སྤྱི་ཚོགས་ཀྱི་བདེ་དོན་ཆེད་དུ་ལས་ཀ་བྱེད་མཁན་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཞིག་བཙོན་འཇུག་བྱེད་པ་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཞིག་ལ་རྡུང་རྡེག་བྱེད་པ་ཞིག་ཡིན་པ་བརྗོད་འདུག
ཁོང་གི་བཙོན་འཇུག་དུས་ཡུན་དེ་ཕར་འགྱངས་བྱས་པ་ནི་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ལ་དམ་དྲག་དང་བཙན་གནོན་ག་ཚོད་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་། ཁོང་གློད་བཀྲོལ་ཡོང་ཐབས་སུ་དུས་ནས་དུས་སུ་ཞུ་གཏུགས་བྱས་འདུག་ཀྱང་། ཡ་ལན་གང་ཡང་མེད་པའི་ཐོག་ནས་བཙོན་འཇུག་བྱས་པ་ནི་བོད་མི་མང་པོ་ཞིག་ཁོང་ལྟར་རྒྱ་གཞུང་གི་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་མཚོན་གྱི་ཡོད་པ་བརྗོད་འདུག
ཉེ་ཆར་ཟླ་བ་འགའ་ཤས་ནང་། རྒྱ་ནག་གཞུང་གིས་བོད་མི་ཐོག་དྲག་གནོན་བྱེད་རྒྱུ་སྔར་ལས་མང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག ཕྱི་ལོ་༢༠༢༥ ཟླ་༨ པའི་ནང་མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོའི་བཞུགས་གནས་སུ་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་མེད་ཉེན་རྟོག་པས་སྔོག་བཤེར་བྱས་པ་དང་། ༧གོང་ས་མཆོག་གི་༧སྐུའི་གོ་སྟོན་གྱི་སྔོན་ནས་བཟོད་དཀའ་བའི་སུན་གཙེར་དང་གཉའ་གནོན་བྱས་པའི་དབང་གིས་མཐར་རང་སྲོག་བཅད་དགོས་བྱུང་ཡོད་པ་བརྗོད་འདུག
དེ་བཞིན་ཕྱི་ལོ་༢༠༢༥ ཟླ་༨ པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ཡོད་པར་བརྟེན། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ནས་གཅུང་པོ་རྡོ་རྗེ་བཀྲ་ཤིས་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུགས་ཐེངས་མང་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཡ་ལན་མ་བྱས་པར་བརྟེན། མཐར་མགོན་པོ་སྐྱིད་ནས་གཅུང་པོའི་གཡག་མགྲོན་ཁང་གིས་ཐོག་བརྩེགས་གཉིས་པ་ནས་མཆོང་སྟེ་རང་ཤི་རྒྱག་ཐབས་བྱས་པའི་རྐྱེན་གྱིས་ཁོང་མོའི་སྐེད་པ་དང་། རྐང་པ། ལག་པ་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་ཀྱང་། རྒྱ་གཞུང་ནས་སྨན་བཅོས་གང་ཡང་བྱེད་བཅུག་མེད་པ་བརྗོད་འདུག
ཕྱི་ལོ་༢༠༢༥ ཟླ་བ་༧ པའི་ནང་བོད་པའི་གཞས་པ་ཨ་སངས་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་དང་། ཁོང་བཀག་ཉར་བྱས་དགོས་དོན་ནི། དེ་སྔོན་གཞས་པ་ཤེར་བསྟན་གྱིས་བཏང་པའི་གཞས་ཞི་བདེའི་རྒྱལ་སྲས་ཟེར་བ་དེ་༧གོང་ས་མཆོག་གི་སྐུའི་གོ་སྟོན་སྐབས་སུ་བསྐྱར་ལེན་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག གཞས་དེ་ནི་༧གོང་ས་མཆོག་ལ་བསྟོད་པའི་གཞས་ཤིག་ཡིན་པའི་དབང་གིས་ཁོང་འཛིན་བཟུང་དང་བཀག་ཉར་བྱས་ཡོད་འདུག
ཕྱི་ལོ་༢༠༢༤ ཟླ་བ་༡༠ པའི་ནང་བོད་པའི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱས་དགོས་དོན་ནི་ཁོང་གིས་རྒྱ་མི་ཚོང་གཉེར་ཁང་ཞིག་གིས་ཁྲིམས་འགལ་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བཞིན་པ་དག་བརྙན་བླངས་ནས་དྲྭ་ཐོག་ཏུ་སྤེལ་རྗེས་བརྙན་དེ་ཁྱབ་བསྒྲགས་རྒྱ་ཆེན་ཕྱིན་པའི་རྐྱེན་གྱིས་ཁོང་བཀག་ཉར་བྱས་ཡོད་འདུག ཁོང་དང་འདྲ་བའི་བོད་པའི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་དང་། སྒོ་ཤེས་རབ་རྒྱ་མཚོ་སོགས་ཁོར་ཡུག་སྲུང་སྐྱོབ་པ། བོད་མིའི་འགྲོ་བ་མིིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་བོད་མི་མང་པོ་ཞིག་རྒྱ་ནག་གི་བཙོན་འོག་ཏུ་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པའི་སྐོར་བཀོད་འདུག
གསར་འགོད། བསོད་ནམས་ཕུན་ཚོགས།