དཔེ་དེབ་ཁག་ཅིག་གསར་ཐོན།

༡༽ ཚབ་ཡིག་ཕྱོགས་བསྡུས་དཔྱད་བསྒྲིགས་མ་ནི་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དཔྱད་བསྡུར་ཞུ་སྒྲིག་བྱས་པ་ཞིག་ཡིན་པ་དང༌། ནང་དོན་གཙོ་བོ་ནི་སྨན་ཚབ་ཀྱི་སྐོར་ཡིན་ཞིང༌། སྨན་ཚབ་ཅེས་པའི་ཐ་སྙད་ནི་སྨན་གྱི་རྒྱུ་ཆ་རག་དཀའ་བ་ཁག་ཅིག་གི་སྨན་རྒྱུའི་འདྲ་ཚབ་བམ། ཚབ་གཏོང་སྲོལ་གྱི་ལམ་ལུགས་དང་རིག་པ་ལ་གོ་བ་ཡིན་འདུག་པ་དང༌། སྨན་ཚབ་ནི་དེང་གི་དུས་སྐབས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཀྱི་ལག་ལེན་རྒྱུན་སྐྱོང་དང་གོང་འཕེལ་ཡོང་བར་ཕན་ནུས་ཆེན་པོ་ཡོད་ཚུལ་ཡང་ཕྱོགས་སྒྲིག་པས་འགྲེལ་བརྗོད་གནང་འདུག ནང་གསེས་དང་པོ་ཚབ་ཡིག་ཡོངས་ཀྱི་བཅུད་བསྡུས་སྨན་དབུལ་སེལ་བའི་ནོར་བུ་ཞེས་པ་ནི། བརྒྱ་ཕྲག་བཅོ་བརྒྱད་པའི་ནང་བརྩམས་པ་ཞིག་དང༌། གཉིས་པ་རྩི་སྨན་རྣམས་ཀྱི་ཚབ་ཡིག་དཔལ་གྱི་དུམ་བུའི་ཕྲེང་བ་ནི། བརྒྱ་ཕྲག་བཅུ་དགུའི་ནང་ཨོ་ཌི་ཡ་ན་ཤཱ་སན་དྷ་ར་སྟེ་ཨོ་རྒྱན་བསྟན་འཛིན་ཞེས་པ་ཞིག་གིས་བརྩམས་ཤིང༌། ཚབ་ཡིག་གསུམ་པ་བླུན་པོ་གསོ་རིག་ལ་འཇུག་པའི་སྒོ་བྱིས་པ་དགའ་བའི་བསྟན་བཅོས་བཟང་སྨན་རྙེད་པར་དཀའ་བའི་ཚབ་ཏུ་སྔོ་སྨན་གཏོང་རིགས་དང་ངོས་འཛིན་ཕྲན་བུ་བཅས་ནི། བརྒྱ་ཕྲག་ཉི་ཤུའི་འགོ་སྟོད་དུ་པདྨ་བསྟན་འཛིན་ཞེས་པ་ཞིག་གིས་བརྩམས་པ་ཡིན་འདུག་ལ། དེབ་དེ་ལ་སྤྱི་ཡོངས་ནས་ཤོག་གྲངས་སུམ་བརྒྱ་མ་ཟིན་ཙམ་ཡོད་པ་རེད།།

༢༽ ཐང་སན་ལམ་ཡིག་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཅེས་པ་ནི་རྒྱ་ཡི་སློབ་དཔོན་ཐང་སན་ཙང་གིས་མཛད་ཅིང༌། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བ་ཞིག་ཡིན་ཞིང༌། དེབ་དེའི་ནང་དུ་སྟོན་པ་སངས་རྒྱས་ཕེབས་པའི་ལམ་རྗེས་སུ་ཞུགས་པའི་རྒྱའི་གནས་སྐོར་བ་ཆེན་པོ་ཧཕ་ཤཱན་གྱི་དཔེ་ལས་སློབ་གསོ་ཐེབས་པའི་རྒྱ་ཡི་གནས་སྐོར་བ་གྲགས་ཅན་གཅིག་ནི་ཧུན་ཙང་ཕྱི་ལོ་༦༠༣།༦༦༤ཡིན་པ་དང༌། ཁོང་ནི་རྒྱ་ཡི་དགེ་འདུན་པ་མཚན་སྙན་ཆེ་བ་ཞིག་ཡིན་པ་མ་ཟད། རྒྱའི་གནས་སྐོར་བ་དང་ལོ་ཙཱ་བ་མཐའ་དག་གི་དབུས་ནས་ནུས་ཤུགས་ཆེ་ཤོས་དེ་ཡིན་འདུག དེབ་དེའི་ནང་དོན་གཙོ་བོ་ནི་ཐང་སན་རྒྱ་གར་ལ་ཆོས་ལེན་དུ་བསྐྱོད་པའི་སྐོར་གྱི་ལོ་རྒྱུས་ཡིན་པ་དང༌། དེབ་དེ་ལ་བམ་པོ་བཅུ་དང་ཤོག་གྲངས་སུམ་བརྒྱ་ལྷག་ཡོད་པ་རེད།།

༤༽ གཏམ་ཚོགས་ནི་བོད་འབྲེལ་ཤེས་ཡོན་གོ་རྟོགས་གོང་སྤེལ་ཆེད་དུ་པར་སྐྲུན་བྱས་པ་ཞིག་ཡིན་པ་དང༌། དེའི་ནང་ཁྱུང་པོ་གསེར་ཚ་དགོན་དགེ་ལྡན་བཀྲ་ཤིས་གླིང་གི་ལོ་རྒྱུས་རབ་གསལ་སྣང་བའི་མེ་ལོང་ཞེས་པ་དང༌། ཏྲེ་བོ་ཇི་ལྟར་བྱུང་ཚུལ་རགས་ཙམ་བཀོད་པ། ྋརྒྱལ་བའི་མཛད་རྣམ། ཕྱི་ཡུལ་དུ་རང་དབང་ཞེས་པའི་ནང་གི་ྋགོང་ས་ཆེན་པོའི་གསུང་ཉེར་ལྔ་ཟུར་འདོན་ཞུས་ཏེ་བཀོད་ཡོད་པ་རེད།།

གསེར་གྱི་གཟེངས་རྟགས། གསེར་གྱི་གཟེངས་རྟགས་ཞེས་པའི་ཆེད་དེབ་ཅིག་གསེར་གྱི་གཟེངས་རྟགས་རྩོམ་སྒྲིག་ཁང་ནས་འདོན་སྤེལ་བྱས་ཡོད་པ་དང༌། དེབ་དེ་ནི་ྋགོང་ས་མཆོག་གིས་ཨ་རིའི་གསེར་གྱི་གཟེངས་རྟགས་བཞེས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཆེད་རྩོམ་སྒྲིག་བྱས་པ་ཞིག་རེད། ྋགོང་ས་མཆོག་ལ་ཆེ་བསྟོད་དང་འབྲེལ་བའི་རྩོམ་ཡིག་སྡེ་ཚན་རིན་ཆེན་གསེར་གྱི་མཎྜལ་དང༌། མཆོད་སྤྲིན་དཔག་བསམ་འཁྲི་ཤིང༌། མཆོད་སྤྲིན་ཡིད་བཞིན་ནོར་བུ། སྙན་འགྱུར་དྲི་ཟའི་གླིང་བུ་གསུམ་དུ་དབྱེ་ནས། རྩོམ་པ་པོ་འདྲ་མིན་གྱི་རྩོམ་ཡིག་རིགས་མི་འདྲ་བ་༧༩ ཙམ་ཡོད་པ་ཞིག་རེད།