བོད་ཀྱི་ཁོར་ཡུག་ལ་སྒྱུ་རྩལ་གྱི་མིང་ཐོག་ནས་གནོད་སྐྱོན་བཏང་བར་སྐྱོན་བརྗོད་ཆེན་པོ་བྱས་འདུག
ཉེ་ཆར་བོད་དབུས་གཞིས་ཀ་རྩེ་ཁུལ་དུ་རྒྱ་ནག་གི་སྒྱུ་རྩལ་བ་ཀའི་གོ་ཆང་ (Cai Guo-qiang) དང་གྱོན་ཆས་ཚོང་གཉེར་ཁང་ (Arc’teryx )གཉིས་མཉམ་འབྲེལ་ཐོག་ཚོན་ཁྲ་ཅན་གྱི་ཤོག་སྦག་བརྒྱ་ཕྲག་མང་པོ་དཔར་ནས་འབྲུག་གི་གཟུགས་དབྱིབས་བཟོས་པའི་སྒྱུ་རྩལ་འགྲེམས་སྟོན་ཞིག་སྤེལ་བ་དེས། བོད་མི་དང་རྒྱ་རིགས་ཁོར་ཡུག་ལ་དོ་སྣང་ཡོད་མཁན་སྟོང་ཕྲག་མང་པོས་སྐྱོན་བརྗོད་དང་རྙོག་གླེང་ཆེན་པོ་བྱུང་བའི་རྐྱེན་གྱིས། མཐར་དགོངས་དག་ཞུ་དགོས་བྱུང་འདུག

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༩ ཉིན་བྱུང་བའི་སྒྱུ་རྩལ་གྱི་བྱེད་སྒོ་འདིའི་བརྙན་དྲ་ལམ་དུ་ཁྱབ་རྗེས། ཤོག་སྦག་མང་པོ་བེད་སྤྱོད་བཏང་བས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་པའི་སྐོར་བོད་མི་དང་རྒྱ་རིགས་ཁོར་ཡུག་ལ་དོ་སྣང་ཡོད་མཁན་སྟོང་ཕྲག་མང་པོས་དྲ་ལམ་དུ་སྐྱོན་བརྗོད་དང་ཁ་རྡུང་ཚ་ནན་བཏང་ཡོད་འདུག རྒྱ་ནག་ནང་གི་གསར་ཁང་མང་པོས་ཀྱང་གླེང་སློང་ཆེན་པོ་བྱས་འདུག རྒྱུ་མཚན་ནི་ཤོག་སྦག་ནང་རྫས་སྣ་མང་པོ་འདུས་པ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་ནང་ཤོག་སྦག་དེ་རིགས་བེད་སྤྱོད་མི་ཆོག་པར་བཀག་འགོག་བྱས་ཡོད།
དྲ་ལམ་ཁག་ཏུ་ཁྱབ་བཞིན་པའི་བརྙན་ཐུང་དེའི་འོག་ཏུ། བོད་མི་མང་པོས་གཞིས་ཀ་རྩེའི་རྫོང་གི་དཔོན་རིགས་སུས་བྱེད་སྒོ་དེར་ཆོག་མཆན་སྤྲད་པ་ཡིན་ནམ། མི་དེ་དག་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་འགེལ་དགོས་པའི་འབོད་སྐུལ་གྱི་མཚན་འགོད་མཁན་མང་པོ་བྱུང་འདུག ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་བརྗོད་དོན་ལ། དྲ་ཐོག་ཏུ་བརྙན་དེ་ཁྱབ་བསྒྲགས་ཆེན་པོ་ཕྱིན་རྗེས། གཞིས་ཀ་རྩེའི་འགོ་ཁྲིད་ཚོས་གཟའ་ཉི་མའི་ཉིན་ཞིབ་བཤེར་མི་སྣ་བཏང་ནས་ཞིབ་འཇུག་ནན་ཏན་བྱེད་རྒྱུ་ཡིན་པ་དང་། ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་རྗེས་(Arc’teryx)ཚོང་གཉེར་ཁང་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཏུ་དགོངས་སེལ་ཞུས་ཡོད་འདུག་པ་མ་ཟད། ཁོར་ཡུག་སྐོར་ཆེད་ལས་མི་སྣ་བསྐོངས་ནས་ཁོར་ཡུག་ལ་གནོད་སྐྱོན་བཏང་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་དང་། གནོད་སྐྱོན་བཏང་ཡོད་ཚེ་བསྐྱར་གསོའི་ཆེད་དུ་འགྲོ་གྲོན་ག་ཚོད་སོང་ཡང་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག དེ་བཞིན་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལས་འགུལ་སྤེལ་ནས་རོགས་རམ་བྱེད་རྒྱུ་ཡིན་ཚུལ་ཡང་བཤད་ཡོད་འདུག ད་དུང་ཐེངས་འདིའི་སྒྱུ་རྩལ་གྱི་བྱ་འགུལ་དེ་སྤེལ་བའི་བརྒྱུད་རིམ་ཁྲོད་ས་གནས་ཀྱི་ཁོར་ཡུག་ལ་བསམ་གཞིགས་མ་བྱས་པ་དང་། ཆེད་ལས་རང་བཞིན་གྱི་ཐོག་ནས་བྱ་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་ཡིན་པ་མི་མང་གི་སྐྱོན་བརྗོད་ལས་ཤེས་རྟོགས་བྱུང་ཞེས་བརྗོད་འདུག
བྱ་འགུལ་དེ་ནང་ཤོག་སྦག་ཕོན་ཆེ་བེད་སྤྱོད་བྱས་ཡོད་འདུག་པ་དང་། ཤོག་སྦག་ནང་ཡོད་པའི་རྫས་དེ་ཕྱི་ལོ་༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་རྩེད་འགྲན་ཆེན་མོའི་ (Olympics) སྐབས་སུ་རྒྱ་ནག་གཞུང་གིས་བརྟག་དཔྱད་བྱེད་སྐབས་ཁོར་ཡུག་ལ་གནོད་འཚེ་མེད་པའི་ངོས་འཛིན་ཐོབ་ཡོད་ཚུལ་དང་། ཨ་རི་དང་ཉི་ཧོང་ནང་དུའང་བེད་སྤྱོད་གཏོང་གི་ཡོད་ཚུལ་བརྗོད་འདུག
ཚོང་གཉེར་ཁང་དེས་ཉེ་ཆར་བྱ་འགུལ་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་པ་དང་། གསལ་བསྒྲགས་དེ་ནང་བྱ་འགུལ་མ་སྤེལ་སྔོན་ལ་སྒོ་ཕྱུགས་དང་རི་དྭགས་རྣམས་རྒྱང་ཐག་རིང་པོར་ཕུད་ཡོད་ཚུལ་དང་། སྲོག་ཆགས་གཅིག་ཀྱང་གནོད་སྐྱོན་ཕོག་མེད་ཚུལ་བརྗོད་འདུག འོན་ཀྱང་། ཁོར་ཡུག་སྐོར་གྱི་ཆེད་ལས་མི་སྣ་མང་པོས་བོད་མཐོ་སྒང་ནི་ཧ་ཅང་གནོད་སྐྱོན་ཕོག་སླ་བའི་ཁོར་ཡུག་ཅིག་ཡིན་པས། ཁོར་ཡུག་ལ་དོ་སྣང་རྩ་བ་ནས་མེད་པར་བྱ་འགུལ་དེ་འདྲ་སྤེལ་བ་ནི་ཧ་ཅང་གི་ཚབས་ཆེན་པོ་རེད་ཅེས་བརྗོད་ནས་དྲ་ཐོག་ཏུ་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་འདུག ས་གནས་གཞུང་གིས་ངོས་ནས་མི་སྣ་དེ་དག་ལ་ཆོག་མཆན་གང་འདྲ་སྤྲད་པ་ཡིན་ནམ་ཞེས་བརྗོད་ནས་ས་གནས་ཀྱི་འགོ་ཁྲིད་ཚོར་ཡང་སྐྱོན་བརྗོད་བྱས་ཡོད་འདུག ཁོར་ཡུག་དང་འབྲེལ་བའི་ཁྲིམས་རྩོད་པ་ཞིག་གིས་བོད་མཐོ་སྒང་གི་ཁོར་ཡུག་སྐོར་གྱི་ཁྲིམས་ལུགས་གཞིར་བཟུང་བྱས་ན། བྱ་འགུལ་གང་ཞིག་སྤེལ་ནས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། རྩྭ་ཐང་སོགས་ལ་གནོད་སྐྱོན་ཕོག་ཚེ་དངུལ་གྱི་ཉེས་ཆད་ཆེན་པོ་གཅོད་ཀྱི་ཡོད་པ་དང་། བྱ་འགུལ་དེ་འདྲ་རིགས་བཀག་འགོག་བྱས་ཡོད་ཚུལ་བརྗོད་ཡོད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།