པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་སླར་ཡང་རྒྱལ་ཁབ་བཞི་བྱུང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཚོགས་ཐེངས་༨༠ པ་མ་འཚོགས་གོང་། ཁེ་ན་ཌ་དང་ཨོ་སི་ཊི་རི་ལི་ཡ། དེ་བཞིན་པོར་ཇུ་གྷལ་བཅས་ཀྱིས་དབྱིན་ཇི་དང་མཉམ་དུ་པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་འདུག

ཟླ་འདིའི་ཚེས་༢༡ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་མ་འཚོགས་གོང་དང་། ལྷག་པར་དུ་ཨི་རི་སེལ་གྱིས་བཙན་བཟུང་བྱས་པའི་ནུབ་ཕྱོགས་མཚོ་ཁུལ་༼West Bank༽ དུ་གཞིས་ཆགས་རྒྱ་སྐྱེད་གཏོང་རྩིས་དང་། གྷ་རྫ་ཁུལ་དུ་དམག་འཁྲུག་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས། ཁ་སང་ཕྱི་ཟླ་༩ ཚེས་༢༡ ཉིན། ཁེ་ན་ཌའི་སྲིད་བློན་གྱིས་པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་དང་དུས་མཚུངས་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་གྱིས་ཀྱང་པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག རེས་གཟའ་ཉི་མའི་ཕྱི་དྲོ། པོར་ཇུ་གྷལ་གྱི་ཕྱི་སྲིད་བློན་ཆེན་གྱིས་པ་ལི་སི་རྒྱལ་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ཡོད་པ་གཏན་འཁེལ་བྱས་ཡོད་འདུག
ཕྱི་ལོ་༢༠༢༥ ལོར་པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་༤ ཙམ་དང་། ཕྱི་ལོ་༢༠༢༤ ལོར་རྒྱལ་ཁབ་༡༠ བྱུང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་༡༩༣ ཡོད་པའི་ནང་ནས་ད་ཆར་རྒྱལ་ཁབ་༡༥༠ ཡིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག རྒྱལ་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་བརྒྱ་ཆ་༧༨ ཀྱིས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ན་ཡང་། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ཨ་རིས་དགག་བྱའི་དབང་ཚད་བེད་སྤྱོད་བྱས་ཏེ་ཁས་ལེན་མ་བྱས་པར་བརྟེན། པ་ལི་སི་ཐན་ནི་ད་དུང་ཡང་རྒྱལ་ཚོགས་ཁྱབ་ཁོངས་སུ་ཚུད་ཐུབ་མེད་འདུག
ཕྱི་ལོ་༢༠༢༣ ལོ་ཧ་མ་སི་དང་ཨི་སི་རེལ་བར་དམག་འཁྲུག་བྱུང་ནས་ད་ལྟའི་བར། ཨི་སི་རེལ་གྱིས་གྷ་རྫ་ཁུལ་དུ་པ་ལི་སི་ཐན་གྱི་མི་གྲངས་ཁྲི་༦།༥ ལྷག་བསད་ཡོད་པ་དང་། མི་གྲངས་འབུམ་༡།༦ ལྷག་ལ་རྨས་སྐྱོན་ཕོག་ཅིང་། དམག་འཁྲུག་དེའི་རྐྱེན་གྱིས་གྷ་རྫ་ས་ཁུལ་གྱི་མི་འབོར་བརྒྱ་ཆ་༩༠ ཙམ་གྱིས་གནས་གཞི་སྤོ་དགོས་བྱུང་ཡོད་འདུག ད་ལྟའི་ཆར་ཨི་སི་རེལ་གྱི་མནའ་མཐུན་རྒྱལ་ཁབ་མང་པོས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པའི་དབང་གིས་ཨི་སི་རེལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་འདུག
དེ་བཞིན་བསླེབ་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོས་ཀྱི་སྤྱི་ཁྱབ་ལྷན་ཚོགས་ཐེངས་༨༠ པའི་ཐོག ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག ད་ཆར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པ་མ་ཟད། ཨི་སི་རེལ་ལ་དཔལ་འབྱོར་གྱི་ཆད་པ་བཅད་པ་དང་། འགའ་ཤས་ཀྱིས་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཨ་རི་དང་ཨི་སི་རེལ་གྱིས་པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པར་སྐྱོན་བརྗོད་བྱས་དང་བྱེད་མུས་བཞིན། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན། རྒྱལ་ཁབ་བཞིས་པ་ལི་སི་ཐན་ལ་ངོས་འཛིན་བྱས་པའི་རྗེས། ཨི་སི་རེལ་གྱི་སྲིད་བློན་གྱིས་པ་ལི་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པ་ནི། ཧ་མ་སི་དྲག་དཔུང་ལ་བྱ་འགའ་སྤྲད་པ་དང་མཚུངས་ཞེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
