རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་འཚབ་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༦༠ པའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་དང་། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་དགོས་པ་བརྗོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ཟླ་༩ ཚེས་༣༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་མཐུན་ཚོགས་དང་ཨོ་སི་ཊི་ལི་ཡ།ཇར་མ་ནི། ཕིན་ལེནྜ། ཨཱ་ཡར་ལེནྜ། དབྱིན་ཡུལ། ཌེན་མཱརྐ། ཉི་ཧོང་། སུད་སི། སྭི་ཌན་བཅས་ནས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་སྐོར་དང། རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིིའི་ཐོབ་ཐང་ལྷན་ཁང་དང་མཉམ་འབྲེལ་གྱིས་སྙན་ཐོ་ནང་འཁོད་པའི་དོན་གནད་ཁག་ལ་ལག་བསྟར་འཐུས་ཚང་དགོས་པའི་ནན་བརྗོད་དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་ནན་བསྐུལ། གཞན་ཡང་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་གི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་སྲུང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་འདུག
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་བོད་ནང་གི་གནས་སྟངས་སྐོར་གླེང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མིའི་རང་དབང་འཐབ་རྩོད་ཀྱི་འབོད་སྒྲ་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་སྣང་རྒྱུན་མཐུད་དགོས་པའི་གལ་གནད་རང་བཞིན་སྐོར་དང་། རྒྱལ་ཁབ་སོ་སོའི་བསྒྲགས་གཏམ་བརྒྱུད་རྒྱ་ནག་གཞུང་གིས་བཙན་གནོན་བྱས་པའི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་རྣམས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་གྱི་ཡོད་སྐོར་གསལ་འདོན་གནང་ཡོད་པ་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།