༧གོང་ས་མཆོག་ལག་ཆ་ཙམ་རེད་དམ།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༠ ཡི་ཆེད་བརྗོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་རེད་ཅེས་བོད་མི་ཚང་མའི་དུས་རྒྱུན་ཁ་ལ་གོམས་ཡོད་ལ། དོན་དངོས་སུའང་༧གོང་ས་མཆོག་མེད་ན་ད་ལྟའི་ཆར་རྒྱ་དམར་དྲག་པོའི་གཞུང་གི་བཙན་གནོན་འོག་བོད་ཀྱི་མིང་ཙམ་ལས་མེད་པ་ཞིག་ཏུ་གྱུར་ཟིན་ངེས་རེད། ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཀུན་ཏུ་བོད་མི་མང་པོ་ཞིག་རང་གི་རྐང་པའི་ཐོག་ལངས་ཐུབ་ཡོད་པ་འདི་ཡང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད། དེ་ཡང་ཐོག་མ་བཙན་བྱོལ་དུ་འབྱོར་སྐབས་ལམ་བཟོ་དང་ལག་གཡོག་ཙམ་གྱི་ལས་ཀ་བྱེད་དགོས་བྱུང་ཡང། བུ་ཕྲུག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་གནང་བ་དང། གཞིས་ཆགས་དང་དགོན་སྡེ་ཁག སློབ་གྲྭ་བཅས་ཟུར་འཛུགས་གནང་ནས་ད་ལྟའི་ཆར་བཙན་བྱོལ་བོད་མི་ཚང་མ་བཙན་བྱོལ་བ་ཞིག་ལ་མཚོན་ན་ཕྱོགས་གང་ཐད་ནས་ནུས་པ་དང་ལྡན་པ་ཞིག་ཏུ་བསྒྱུར་གནང་ཡོད།

བོད་ནང་ལ་མཚོན་ནའང་༧གོང་གི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་དང། རྒྱ་གཞུང་གི་བཙན་གནོན་དང་གདུག་རྩུབ་ཀྱི་གནས་སྟངས་སོགས་ཞུ་གཏུག་གི་ལས་འགུལ་བར་མ་ཆད་པར་སྤེལ་ནས་རྒྱ་གཞུང་ངོ་ཚ་ཁ་སྐྱེངས་བྱུང་ཡོད་པ་དང། རྒྱ་གཞུང་གིས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེས་ནས་དཔལ་འབྱོར་སྲིད་བྱུས་ལྷུག་གཏོང་བྱས་པ་དང་སྟབས་བསྟུན་བོད་ནང་གི་དཔལ་འབྱོར་དང། ཤེས་ཡོན་སོགས་ཀྱི་གནས་སྟངས་ཀྱང་དེ་སྔོན་དམངས་གཙོའི་བཅོས་བསྒྱུར་ཟེར་བ་དང། རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་སྐབས་དང་མི་འདྲ་བར་འགྱུར་བ་ཕྱིན་ཡོད། འདི་ཡང་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད། འདི་ཚོ་ནི་ཁ་གཡང་ཙམ་མ་ཡིན་པར་དོན་དངོས་ཡིན་པས། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བོད་མི་ཡོངས་ཀྱི་སེམས་ནང་གི་སྐྱབས་མགོན་ཉག་གཅིག་ཏུ་གྱུར་པའི་རྒྱུ་མཚན་གཙོ་བོ་ཡིན་པ་ལས། སྐུ་ཕྲེང་རིམ་བྱོན་དང་འབྲེལ་བའི་གནས་སྟངས་གཅིག་པུ་ལ་བརྟེན་ནས་བྱུང་བ་ཙམ་ཞིག་གཏན་ནས་མིན།

གནས་ལུགས་ལ་བསམ་ཤེས་མ་ཐུབ་པ་དང་རྒྱུ་མཚན་ལྟར་སྣང་བ་ཆུང་ཙག་རེ་ཟུང་གིས་འདོད་པ་ཁེངས་མིན་དང། རྒྱུ་དངོས་ཀྱི་བསླུ་བྲིད་ལ་བརྟེན་ནས་སྐུར་འདེབས་བྱེད་མཁན་བོད་མི་རེ་ཟུང་ཙམ་ཡོད་སྲིད་ནའང། གཞིས་བྱེས་བོད་མི་ཚང་མའི་སེམས་གཏིང་ནས་བློ་གཏད་དང་ཡིད་ཆེས་ཆེ་ཤོས་ཞུ་ཡུལ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡིན་པ་དང། མགོན་པོ་གང་ཉིད་ནི་བོད་སྤྱི་པའི་གཙུག་གི་ནོར་བུ་གཅིག་པུ་དེ་ཡིན་པས་ཆབ་སྲིད་པ་གང་རུང་གིས་སྒེར་བདག་ལྟ་བུ་བྱས་ཏེ། རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་ལ་ཁ་གཏད་གཅོག་པའི་ལག་ཆར་བེད་སྤྱོད་གཏོང་མཁན་ཞིག་བྱུང་ན། སྲིད་སྐྱོང་དང་བཀའ་བློན། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སོགས་འབྲེལ་ཡོད་སུ་ཡིན་ཡང་དོན་དངོས་སུ་ཡ་རབས་བཟང་སྤྱོད་ཀྱི་དམའ་མཐའི་ཚད་གཞི་ལས་བརྒལ་ནས། ལས་རྒྱུ་འབྲས་ལ་མི་འགྲོ་བའི་བྱེད་སྟངས་ཉག་གཅིག་ཏུ་གྱུར་ཡོད། རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་རྣམས་ནག་པོ་བཟོ་ཆེད་༧གོང་ས་མཆོག་བེད་སྤྱོད་གཏོང་བ་ནི་༧གོང་ས་མཆོག་གི་ཞབས་ནས་འཐེན་པ་ཉག་གཅིག་ཏུ་གྱུར་ཡོད།

ཁ་སྟོང་པ་ཙམ་ལས་ནུས་པ་གང་ཡང་མེད་མཁན་རྣམས་ཀྱི་འཆལ་གཏམ་ལ་དོ་སྣང་བྱེད་རིན་གང་ཡང་མེད་པ་དང། དྲ་ཐོག་ནས་འུར་གཏམ་ཤོད་མཁན་དག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་ནས་སྐད་གྲགས་ཆེ་རུ་གཏོང་བ་ནི། མི་ཐ་ཤལ་དག་ལ་རྒྱབ་སྐྱོར་བྱས་པ་ཞིག་ལས་ཁ་གཏད་བཅགས་པ་ཞིག་མིན་པས། ནུས་མེད་དྲ་འབུ་དག་ལ་རིན་ཐང་ཆེན་པོ་སྤྲོད་དགོས་དོན་གང་ཡང་མེད། ཁ་གཏད་གང་ཡང་གཅོག་མི་ཐུབ་པར་ཁ་རྡུང་མང་པོ་བཏང་བ་ཙམ་གྱིས་ཀྱང། འབྲེལ་མེད་ཅིག་གིས་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོ་དང་གཏམ་བརྗོད་རང་དབང་ལ་ནག་ཐིག་ཅིག་ཏུ་མཐོང་མི་སྲིད་པ་མིན་པས། ཚ་ཚ་འུར་འུར་གྱི་ཐོག་ནས་བརྒྱུད་སྤེལ་དང་ཁ་རྡུང་གཏོང་བའི་རྣམ་འགྱུར་བསྟན་པ་ཙམ་གྱིས་ལས་དོན་རླབས་པོ་ཆེ་ཞིག་གང་ཡང་མིན། མ་འོངས་པར་སྒེར་གྱི་འཁོན་འཛིན་ལ་བརྟེན་ནས་༧གོང་ས་མཆོག་བེད་སྤྱོད་གཏོང་བ་ལྟ་ཅི། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་ལ་ཁ་གཏད་གཅོག་བཟོ་བྱེད་པ་འདིའང་དོན་དུ་སུ་ལ་རྒྱབ་སྐྱོར་ཡིན་མིན་བཤད་དཀའ་བ་ཞིག་ཏུ་གྱུར་འདུག

མདོར་ན་༧གོང་ས་མཆོག་གི་མཚན་གྱི་དབུར་“སྤྱི་ནོར་”ཞེས་པ་ཞིག་ཡོད་པ་དེ་དོན་མེད་ཀྱི་ཚིག་ལྷག་ཙམ་མིན་པར། ༧གོང་ས་མཆོག་ནི་གཅིག་གིས་བཙོང་པ་དང་གཅིག་གིས་ཉོས་པ་ཞིག་མིན་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྐྱབས་དང་མགོན་དཔུང་ཉག་གཅིག་ཡིན་པ་ནི་བོད་མི་ཚང་མས་ཤེས་ཐུབ་པ་ཞིག་རེད་ལ། ཆབ་སྲིད་པ་དག་གིས་གནས་ཚུལ་ག་རེ་ཡིན་ཡང་བེད་སྤྱོད་གཏོང་སྲིད་པ་ཞིག་དང། འགྲེལ་བརྗོད་ལ་བརྟེན་ནས་དཀར་པོ་ནག་པོ་བཟོ་བ་དང་ནག་པོ་དཀར་པོ་བཟོ་རྒྱུའི་ལམ་སྲོལ་འདི་གོ་ལ་ཧྲིལ་པོའི་ཁྱོན་དུ་ཁྱབ་ཡོད་མོད། ལས་རྒྱུ་འབྲས་དང་ཡ་རབས་སྤྱོད་བཟང་ཁ་རྩེར་ཁྱེར་བའི་བོད་མི་རིགས་ལ་མཚོན་ན་དུས་ནམ་ཡང་༧གོང་ས་མཆོག་ཙམ་དུ་མ་ཟད། ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དག་ནི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཁོ་ན་ཡིན་པ་ལས། མི་གཞན་ཞིག་ནག་པོ་བཟོ་བྱེད་ཀྱི་ལག་ཆ་ཙམ་དུ་བེད་སྤྱོད་གཏོང་མི་རུང་བ་ནི་བཤད་མི་དགོས་པ་ཞིག་རེད། མ་འོངས་པར་བླ་མ་བླ་མའི་སར་བཞག དད་པ་དད་པའི་སར་འཇོག་མ་ཐུབ་ན་དད་པ་ལོག་སྤྱོད་དུ་འགྱུར་རྒྱུ་ཉག་གཅིག་རེད།།