རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་འབྲེལ་གྱི་ཚོགས་འདུ།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༢ ཉིན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མ་(Core Group for the Tibetan Cause) དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཨ་མ་རཱ་(Amara) མགྲོན་ཁང་གི་ཚོགས་ཁང་དུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མ་དང་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་(Presidents of Tibetan Support Groups) བར་མཉམ་འབྲེལ་གྱི་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཡོད་འདུག ཚོགས་ཐོག་ཏུ་ཁྱོན་མི་གྲངས་༢༩ མཉམ་ཞུགས་བྱས་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེས་ (Rinchen Khandu Khrimey) ཀྱིས། ཚོགས་འདུ་འདི་བསྐོང་ཚོགས་བྱེད་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་ནི་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐོར་དང་། བོད་ཀྱི་འཐབ་རྩོད་ཐོག་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུངས་པ་མ་ཟད། རྒྱ་གར་གྱིས་བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་སྲ་བརྟན་ཡོང་ཐབས་སུ་མཐུན་སྒྲིལ་དང་། ནུས་པ་ལྡན་པའི་འབྲེལ་མཐུད། དམ་བཅའ་གསར་པ་བཅས་དགོས་པའི་ནན་བརྗོད་བྱས་ཡོད་འདུག
ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བའི་གལ་གནད་རང་བཞིན་དང་། བརྟན་བཞུགས་གྲ་སྒྲིག་བྱེད་ཕྱོགས་དང་འབྲེལ་བརྟན་བཞུགས་སྐབས་ཆོས་ཕྱོགས་ཀྱི་གནང་དགོས་པའི་བྱེད་སྒོ་ཁག་གི་སྐོར་ལའང་ལམ་སྟོན་གནང་ཡོད་འདུག
གཞན་ཡང་། རྒྱ་གར་རྒྱལ་ཡོངས་དྭང་བླངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་རྒན་གྲས་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) གྱིས་འཕགས་བོད་བར་ལོ་རྒྱུས་དང་ཆོས་ལུགས། རིག་གཞུང་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་ཡོད་པ་ནི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་གསལ་སྟོན་བྱེད་དགོས་པའི་ནན་བརྗོད་གནང་ཡོད་འདུག ཚོགས་ཐོག་ཏུ་ཚོགས་མི་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུས་གཙོས་པའི་ཚོགས་པའི་གྲོས་གཞི་གྲོས་འཆར་ལ་ཐུན་མོང་གིས་མོས་མཐུན་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།