ལྷོ་སོག་པོའི་རིག་གཞུང་རྒྱའི་རིག་གཞུང་དུ་བསྒྱུར་རྒྱུར་གནོད་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐོར་བརྗོད་འདུག

ལྷོ་སོག་པོ་ནི་རྒྱ་ནག་གི་དབང་འོག་ཏུ་ཡོད་པ་དང་། རྒྱ་ནག་གིས་སོག་པོ་དེ་བཞིན་བོད་ལྟར་སོག་པོའི་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཐབས་སུ་སྲིད་བྱུས་འདྲ་མིན་ལག་ལེན་བསྟར་བཞིན་ཡོད་འདུག་ཅིང་། དམིགས་བསལ་ཞི་ཅིན་ཕིང་སྲིད་འཛིན་ཆགས་པ་ནས་བཟུང་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་རིག་གཞུང་རྣམས་རྩ་མེད་བཟོ་ཐབས་དང་རྒྱ་སྐད་དང་རྒྱའི་རིག་གཞུང་བསྲེས་ལྷད་གཏོང་ཐབས་ཆེད་དུ་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བརྗོད་འདུག


པར། SPIEGEL International

ཕྱི་ཚེས་༡༤ ཉིན་(SPIEGEL International)ཞེས་པའི་བརྒྱུད་ལམ་ནས་གནས་ཚུལ་སྤེལ་དོན་ལྟར་ན། ད་ལྟ་ལྷོ་སོག་པོའི་ནང་ཡོད་པའི་གྲྭ་པ་བློ་བཟང་བྱམས་པ་ཞེས་པའི་རང་ལོ་༥༠ ཡིན་མཁན་ཞིག་ལ་བཅར་འདྲི་ཞིག་བྱས་འདུག་པ་དང་། གྲྭ་པ་ཁོང་ནི་(Gegen Miao Monastery)ཞེས་པའི་དགོན་པའི་སྤྲུལ་སྐུ་ཡིན་འདུག ཁོང་ཚོའི་དགོན་པ་ལ་ཆ་མཚོན་ན་ལོ་ངོ་༣༠༠ ཙམ་གྱི་ལོ་རྒྱུས་ཡོད་པའི་དགོན་པ་ཞིག་ཡིན་འདུག་ཀྱང་། ཕྱི་ལོ་༢༠༡༢ ཙམ་ནས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་འོག་དུས་རབས་གསར་པའི་འཛུགས་སྐྲུན་བྱེད་དགོས་ཚུལ་བརྗོད་ནས་དགོན་པར་གནོན་ཤུགས་ཆེན་པོ་བསླེབས་ཡོད་པ་བརྗོད་འདུག

པར། SPIEGEL International

ཁོང་ལ་ཁྱེད་རང་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ནམ་ཞེས་འདྲི་དུས་ཁོང་གིས་ཧ་ཧ་ཞེས་དགོད་ནས་ནང་པའི་གྲྭ་པ་ཞིག་དམར་ཤོག་ལ་དེ་ཙམ་དད་པ་ཡོད་རྒྱུ་མ་རེད་ལ། དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཆོས་ལ་དད་པ་ཡོད་མ་རེད་ཅེསབརྗོད་འདུག འོན་ཀྱང་། ༧གོང་ས་མཆོག་གི་སྐོར་འདྲི་དུས་ཁོང་གིས་༧གོང་ས་མཆོག་ནི་བོད་པ་རེད། ང་ནི་སོག་པོ་བ་ཞིག་ཡིན། འོན་ཀྱང་། ལྷོ་སོག་པོ་ནང་༧གོང་ས་མཆོག་གི་སྐོར་གླེང་སློང་བྱེད་པ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་བརྩིས་ནས་གླེང་སློང་བྱེད་ཆོག་གི་མེད་ཀྱང་། ༧གོང་ས་མཆོག་ནི་ནང་པ་ཚོ་ལ་མཚོན་ན་ཡི་ཤུའི་(Pope)པོབ་ལྟར་ཡིན་པས། ཁོང་སྐོར་མི་བཤད་པ་ནི་ཡི་ཤུའི་པོབ་སྐོར་མི་བཤད་པ་ལྟ་བུ་རེད་ཅེས་བརྗོད་འདུག
ལྷོ་སོག་པོ་ནང་མི་འབོར་ས་ཡ་༢༤ ཡོད་པ་བརྗོད་འདུག་ལ། མི་འབོར་དེ་དག་ཁྲོད་ནས་སོག་པོ་མི་རིགས་ས་ཡ་༤ ཙམ་ལས་མེད་པ་བརྗོད་འདུག དེ་བཞིན་ད་ལྟ་རང་བཙན་རྒྱལ་ཁབ་ཡིན་པའི་ཕྱི་སོག་ནང་སོག་པོ་མི་རིགས་ས་ཡ་༣.༥ ཡོད་པ་བརྗོད་འདུག་ཅིང་། ཕྱི་སོག་དེ་ཕྱི་ལོ་༡༩༡༡ རྒྱ་ནག་གི་(The Qing Dynasty)འོག་ནས་རང་བཙན་ཐོབ་ཡོད་འདུག་ཀྱང་། ལྷོ་སོག་པོ་རྒྱ་ནག་གི་དབང་འོག་ཏུ་རང་སྐྱོང་ལྗོངས་ཞེས་འབོད་ཀྱི་ཡོད་པ་ལྔའི་ཁོངས་ནས་གཅིག་ཡིན་པ་བརྗོད་འདུག
ད་ལྟ་རྒྱ་ནག་གི་མངའ་འོག་ཏུ་(Han)ཧན་མི་རིགས་དུང་ཕྱུར་༡.༣ ཙམ་ཡོད་པ་དང་། གཞུང་འབྲེལ་རང་གིས་ངོས་འཛིན་བྱས་པའི་གྲངས་ཉུང་མི་རིགས་དབྱེ་བ་༥༥ དང་། གྲངས་ཀ་ས་ཡ་༡༢༥ ཙམ་ཡོད་པ་བརྗོད་འདུག དུས་རྒྱུན་རྒྱ་ནག་གཞུང་གིས་ལྷོ་སོག་པོ་ནི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁྲོད་ཆབ་སྲིད་ཐོག་ནས་བརྟན་ལྷིང་། རིག་གཞུང་དང་སྐད་ཡིག་སོགས་ཐོག་ནས་མིག་དཔེར་བཏོན་འོས་པ་ཞིག་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག་ཀྱང་། ཨོ་སི་ཊི་ལི་ཡའི་(La Trobe University)གཙུག་ལག་མཐོ་སློབ་ཀྱི་རྒྱ་ནག་གི་གྲངས་ཉུང་མི་རིགས་སྐོར་གྱི་སློབ་དཔོན་(James Leibold)ཡིས་རྒྱ་ནག་གཞུང་གིས་ལྷོ་སོག་པོའི་རིག་གཞུང་དང་སྐད་ཡིག་སོགས་ཡོད་ཚད་ད་ལྟ་ཧན་མི་རིགས་ལ་བསྒྱུར་ཟིན་པ་དང་། ད་ལྟ་ལྷོ་སོག་པོ་རང་གི་རིག་གཞུང་ཡིན་ཟེར་བ་ཞིག་ལྷག་མེད་པ་མ་ཟད། ལྷོ་སོག་པོའི་ས་ཁུལ་དུ་སོག་པོ་ལས་རྒྱ་རིགས་ལྡབ་མང་པོ་མང་བ་ཡོད་པ་བརྗོད་འདུག དམིགས་བསལ་ད་ལྟ་ཞི་ཅིན་ཕིང་གི་དབང་འོག་ཏུ་ལྷོ་སོག་པོའི་མི་འབོར་མང་ཆེ་བ་རྣམས་འབྲོག་པ་ཡིན་ཡང་། རྒྱ་གཞུང་གིས་འབྲོག་པ་མེད་པ་བཟོ་ཐབས་སུ་སྲིད་བྱུས་འདྲ་མིན་མང་པོ་ཞིག་ལག་བསྟར་བྱེད་བཞིན་ཡོད་འདུག་ཅིང་། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དེ་ཕྱི་ལོ་༡༩༩༡ ལོར་ཁ་ཐོར་དུ་ཕྱིན་དུས་གྲངས་ཉུང་མི་རིགས་ཚོ་ལ་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་ཤོར་ནས་རྒྱལ་ཁབ་ཁ་ཐོར་འགྲོ་དགོས་པའི་རྒྱུ་རྐྱེན་གལ་ཆེ་བ་གཅིག་དེ་ཡིན་པར་བརྟེན། ད་ལྟ་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོ་ལ་འཛིན་པའི་སྲིད་བྱུས་ཐོག་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་བརྗོད་འདུག
དེ་བཞིན་ཕྱི་ལོ་༢༠༢༠ ལོ་ནས་བཟུང་ལྷོ་སོག་པོ་ཁྱོན་ཡོངས་ཀྱི་སློབ་གྲྭ་ནང་སོག་པོའི་ཡི་གེ་མེད་པ་དང་། སློབ་ཚན་ཚང་མ་རྒྱ་ཡིག་ནང་ཁྲིད་ཀྱི་ཡོད་འདུག སོག་པོའི་ཕ་མ་ཚོ་རང་གི་བུ་ཕྲུག་རྒྱ་ཡིས་བཙུགས་པའི་སློབ་གྲྭར་མི་གཏོང་ནས་ནང་ལ་ཉར་ཐབས་བྱེད་དུས་གཞུང་གིས་སོག་པོ་མི་རིགས་ཁྱོན་༡༠༠༠༠ ཙམ་བཀག་ཉར་ཁང་དུ་ཁྲིད་ནས་ཉེས་ཆད་གཅོད་པ་དང་། ཉེན་བརྡ་གཏོང་བ་སོགས་བྱས་ཡོད་པ་སོག་པོའི་ལས་འགུལ་བས་བརྗོད་ཀྱི་ཡོད་འདུག ད་ལྟ་ཨ་རིར་གནས་སྡོད་ལྷོ་སོག་པོའི་རང་དབང་འཐབ་རྩོད་བ་(Enghebatu Togochog)ཡིས་སོག་པོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་འདུག་ཅིང་། ཁོང་ནི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ཡིན་འདུག ཁོང་ཕྱི་ལོ་༡༩༩༨ ནས་ལྷོ་སོག་པོ་ནས་ཨ་རིར་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ཡོད་འདུག ཁོང་གི་བརྗོད་དོན་ལ་ད་ལྟ་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་སོགས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ རིག་གཞུང་སོགས་ལ་རྩ་བརླག་ཏུ་འགྲོ་ཉེན་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དང་། བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭར་བཙན་གྱིས་ཇེ་མང་དུ་གཏོང་བཞིན་ཡོད་པ་བརྗོད་འདུག དམིགས་བསལ་ཕྱི་ལོ་༢༠༢༢ ནས་བཟུང་སྲིད་བྱུས་དམ་ཏུ་གཏོང་གི་ཡོད་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།