གླེན་པ་དཀྲོག་གཏམ་གྱིས་བསླུ།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༢། 

བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་འདས་པའི་ལོ་ཤས་ནས་བཟུང་དཀྲོག་གཏམ་གྱིས་ཁ་ལོ་བསྒྱུར་བཞིན་ཡོད་ལ། ལོ་འདིར་ཡང་འོས་བསྡུ་ཆེན་མོ་དང་འཁེལ་ཡོད་སྟབས་དཀྲོག་གཏམ་སྣ་ཚོགས་ཤིག་སྤེལ་རྒྱུའི་གྲ་སྒྲིག་འཐུས་ཚང་བྱེད་མཁན་མང་པོ་ཡོད་ངེས་རེད། དེ་དག་ལས་མང་པོ་ཞིག་ནི་རྒྱ་གཞུང་གིས་འགྲོ་སོང་བཏང་ནས་གསོས་པའི་སྒོར་ཟུར་ལྔ་པ་དག་ཡིན་ཞིང། བཙན་བྱོལ་བོད་མི་ཕལ་ཆེ་བ་ནི་དཀྲོག་གཏམ་དེ་དག་ལ་ཡིད་ཆེས་དང་དོ་སྣང་བྱེད་མཁན་ཡིན་པས། དངོས་ཡོད་གནས་ཚུལ་སྤེལ་བར་མི་མང་གིས་དོ་སྣང་དང་ཡིད་ཆེས་མི་བྱེད་པར་ཕྱོགས་འཐེན་རང་བཞིན་གྱིས་དཀྲོག་གཏམ་སྤེལ་བར་ཡིད་ཆེས་དང་དགའ་ཞེན་བྱེད་མཁན་བཙན་བྱོལ་སྤྱི་ཚོགས་ནང་ཧ་ཅང་མང་པོ་ཡོད། ཕྱོགས་གཅིག་ནས་གཞིས་ཆགས་ཁག་དང་དགོན་སྡེ་གྲྭ་ཚང་རེ་ཟུང་དུ་ཡོད་པ་དུས་རྒྱུན་སྤྱི་ཡོངས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་མི་བྱེད་ནའང། འདས་པའི་ལོ་ལྔ་དྲུག་རིང་བཙན་བྱོལ་ནང་བྱུང་བའི་ཕྱོགས་འཐེན་རང་བཞིན་གྱི་རྩོད་རྙོག་དག་ལ་དོ་སྣང་དང་དེ་དང་འབྲེལ་བའི་དཀྲོག་གཏམ་དག་གི་རྗེས་སུ་འབྲངས་མཁན་མང་པོ་ཡོད།
འཐེན་འཁྱེར་དང་འབྲེལ་བའི་དཀྲོག་གཏམ་གང་མང་ཞིག་སྤེལ་བའི་རྒྱུ་མཚན་ལ་བརྟེན། སློབ་སྦྱོང་བྱེད་མ་མྱོང་མཁན་དང། དུས་རྒྱུན་གནས་ཚུལ་མང་པོ་ལ་དོ་སྣང་མི་བྱེད་མཁན་དག་ནི་དཀྲོག་གཏམ་སྤེལ་མཁན་དག་གིས་བཀོལ་སྤྱོད་བྱེད་ཆོག་ཆོག་གི་འཕྲུལ་ཆས་ལྟ་བུར་གྱུར་ཟིན། མི་མང་པོ་ཞིག་གིས་ཀུན་སློང་ཐོག་ནས་ཆེད་དུ་གཡོ་སྒྱུ་ཁྲམ་གསུམ་འཁྲབ་པ་ཞིག་མིན་ཡང། བསམ་བློ་དཀྲོག་གཏམ་གྱིས་བསྒྱུར་ནས་མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་བའི་སྣང་ཚུལ་དང་གཅིག་པ་ཡིན། དཀྲོག་གཏམ་ཤོད་མཁན་དག་ལ་མཚོན་ན་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་གསལ་པོ་ཤེས་ཀྱང། ཕྱི་ནང་གང་ས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་འཐེན་འཁྱེར་ལ་བརྟེན་ནས་ནུས་པ་གང་ཡང་མེད་པ་ཞིག་བཟོ་ཐུབ་ན་རང་ཉིད་སྒེར་ལ་དངུལ་དངོས་ཀྱི་ཁེ་ཕན་ཡོད་མཁན་ཡང་མང་པོ་ཡོད་ཅིང། དཀྲོག་གཏམ་དང་འཐེན་འཁྱེར་ལ་བརྟེན་ནས་བཙན་བྱོལ་ནང་འོས་ཤོག་རག་ཐབས་བྱེད་མཁན་འདུག་ལ། ཆུང་ས་ནས་སོ་སོ་སྒེར་གྱི་འགྲོ་སོང་གཏོང་བྱེད་ལག་སྣེ་ཙམ་ལ་རེ་བ་རྒྱག་མཁན་ཡང་ཡོད་ཚུལ་འདུག
ཆབ་སྲིད་ཀྱི་སྡིངས་ཆའི་སྒང་དུ་ཡོད་པ་དག་ལ་མཚོན་ན་ཕྱིའི་རྣམ་པའི་ཐོག་ནས་འཐེན་འཁྱེར་གྱི་འབྱུང་ཁུངས་ལྟ་བུར་གྱུར་ཡོད་ནའང། དོན་དངོས་སུ་ཆབ་སྲིད་མི་སྣ་དག་གིས་ཀྱང་མི་མང་གི་དགའ་ཕྱོགས་ལ་བརྟེན་ནས་འཁྲབ་སྟོན་འདི་ལྟ་བུ་བྱེད་དགོས་ཐུག་གི་ཡོད་པས། མ་འོངས་པར་མི་མང་གི་ངོས་ནས་ཆེ་ས་ནས་རྩ་དོན་འཐབ་རྩོད་དང་འབྲེལ་བའི་ཁེ་ཕན་དང། ཆུང་ས་ནས་མི་སྒེར་སོ་སོའི་འབྲེལ་ཡོད་ཀྱི་ཁོར་ཡུག་དང་མི་ཚང་སོ་སོའི་ཁེ་ཕན་དང་འབྲེལ་བའི་དོན་དངོས་གང་ཡིན་གསལ་པོ་རྟོག་ཞིབ་བྱེད་དགོས་པ་ལས། སྤྱི་སྒེར་གང་ས་ནས་ཁེ་ཕན་སྣེ་གཅིག་མེད་པའི་འཐེན་འཁྱེར་ལ་བརྟེན་ནས་དུས་ཚོད་ཆུད་ཟོས་སུ་གཏོང་མི་རུང་བ་དང། བསམ་བློ་མང་པོ་བཏང་ནས་སེམས་པ་མི་སྐྱིད་པ་བཟོ་དགོས་དོན་གཏན་ནས་མེད། དངོས་ཡོད་ཀྱི་གནས་ཚུལ་རྟོགས་སོང་ན་དོན་མེད་ཀྱི་རྩོད་རྙོག་དག་གི་རྗེས་སུ་འབྲངས་དགོས་དོན་མེད་ལ། དེ་ལ་བརྟེན་ནས་ཕན་ཚུན་དོན་མེད་ཀྱི་རྩོད་རྙོག་དག་ལ་ཤུགས་རྐྱེན་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་པ་མ་ཟད། རྒྱ་ཁྱི་དག་གི་དངུལ་དངོས་ཀྱི་ཁེ་ཕན་ཡང་ཉུང་དུ་འགྲོ་ངེས་རེད།
ཆབ་སྲིད་པ་རེ་ཟུང་གིས་རང་ཉིད་ཀྱི་འོས་ཤོག་དང་ཁེ་ཕན་ཚང་མ་འཐེན་འཁྱེར་ལ་བརྟེན་ནས་རག་གི་ཡོད་པས། ད་ལྟའང་མུ་མཐུད་ཐབས་ལམ་དེ་ལག་བསྟར་བྱེད་ངེས་ཡིན་ཡང་མི་མང་གིས་དོན་དངོས་ཀྱི་ཐོག་ནས་བླང་དོར་དང་འཇུག་ལྡོག་མ་ནོར་བ་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། རྩ་དོན་འཐབ་རྩོད་ཀྱི་ཛ་དྲག་གནས་སྟངས་དང། གཞིས་བཞུགས་བོད་མིའི་རེ་བ་དང་ཡིད་ཆེས། ༧གོང་ས་མཆོག་གི་དགུང་ནའི་བབས་སོགས་ལ་བསམ་ཡང་གཅིག་སྒྲིལ་གྱི་ནུས་པ་འདོན་ཐབས་འབའ་ཞིག་བྱེད་དགོས་ངེས་རེད། ད་ལྟའི་ཆར་རང་ཉིད་ཀྱི་ཕྱོགས་གཏོགས་སུ་ཡིན་ལ་བལྟ་བ་ལས་དོན་དངོས་གང་ཡིན་ལ་དོ་སྣང་མི་བྱེད་པར། གཟེངས་རྟགས་དང་ཆེ་བསྟོད་སོགས་ག་འདྲ་ཞིག་ཡིན་ཡང་དོན་དངོས་དང་འབྲེལ་བ་ཡོད་མེད་ལ་བསམ་བློ་གཏན་ནས་མི་གཏོང་བར་རང་ཉིད་ཀྱི་འབྲེལ་ཡོད་ཁོ་ན་ལ་སྤྲོད་ཀྱི་ཡོད་པའི་ཚོར་སྣང་འདུག དེ་བཞིན་མཐུན་འགྱུར་སྦྱོར་སྟངས་ཀྱི་ཐོག་ནས་འབྲེལ་ཡོད་ཡིན་མིན་གཙོ་བོར་འཛིན་པ་ལས་འཇོན་ཐང་དང་ནུས་པ་གཙོ་བོ་མིན་པའི་རྣམ་པ་གསལ་པོ་མངོན་ཡོང་གི་འདུག
མདོར་ན་དཀྲོག་གཏམ་ནི། མི་གཡོ་སྒྱུ་ཅན་དང་མ་རུངས་ཁོག་བཅུག་བྱེད་མཁན་དག་གིས་བཟོས། མི་བྱབ་ཆུང་དང་ཁ་ཕྱོགས་མེད་མཁན་དག་གིས་བཀྲམ་ནས། བླང་དོར་གྱི་འཇུག་ལྡོག་མི་ཐུབ་པའི་གླེན་པ་དག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་བཞིན། དཀྲོག་གཏམ་ལ་ཡིད་ཆེས་བྱེད་མཁན་དག་ནི་བླུན་རྨོངས་ཡིན་པ་ཤེས་དགོས་ཚོད་ཡིན་ཡང། མང་པོ་ཞིག་གིས་དཀྲོག་གཏམ་དེ་དག་ཕར་འགྲེམས་ཚུར་སྤེལ་མང་དག་ཅིག་བྱས་ནས་གྲུང་མདོག་དང་སེམས་ཤུགས་ཡོད་མདོག་སྟོན་ཡང། དོན་དངོས་སུ་སྤྱི་སྒེར་གཉིས་ལ་ཁེ་ཕན་ཏིལ་འབྲུ་ཙམ་མེད་པར་རང་ཉིད་སྒེར་གྱི་དུས་ཚོད་འཕྲོ་བརླག་དང། དོན་མེད་དུ་ཁོང་ཁྲོ་ལངས་ནས་སེམས་པ་མི་སྐྱིད་པར་གྱུར་པ་སོགས་གནད་དོན་མང་པོ་ཡོད་བཞིན་དུ། མི་གཡོ་སྒྱུ་ཅན་དང་མ་རུངས་ཁོག་བཅུག་བྱེད་མཁན་དག་ལ་མཐུན་འགྱུར་རོགས་རམ་བྱེད་རྒྱུར་བྲེལ་བ་ནི། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་གང་དུ་གནས་སྡོད་བྱས་ཡོད་ཀྱང་འདྲ། ཟས་གོས་གནས་མལ་གྱི་ཐོག་ནས་དཀའ་ངལ་ཡོད་མེད་གང་ལྟར་ཡང་དོན་གྱིས་མི་གླེན་པ་བོང་བུ་དང་གཅིག་པ་འབའ་ཞིག་རེད།།