རྡོ་རྗེ་གླིང་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ལས་འགུལ་ཞིག་འགོ་འཛུགས།

ད་ལྟ་བོད་ནང་རྒྱ་གཞུང་གི་སྲིད་བྱུས་ཀྱི་རྐྱེན་པས་བོད་ཀྱི་སྐད་ཡིག་ལ་འགོག་རྐྱེན་མང་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྲིད་བྱུས་དེ་དག་གིས་བོད་ཀྱི་ན་ཆུང་བྱིས་པ་སྟོང་ཕྲག་མང་པོ་རང་ཉིད་ཀྱི་ཕ་སྐད་དང་ཁ་བྲལ་དུ་གཏོང་བཞིན་པའི་སྐབས་འདིར།
༧རྒྱལ་བའི་གོ་སྟོན་དང་བསྟུན་ནས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁུལ་དུ་གནས་སྡོད་བོད་མིའི་ཁྱིམ་ཚང་སོ་སོའི་ནང་བོད་སྐད་བཤད་རྒྱུ་མི་རེ་ངོ་རེས་དམ་བཅའ་བཞག་སྟེ་ལས་འགུལ་གཞན་ལ་མིག་དཔེ་འོས་པ་ཞིག་འགོ་འཛུགས་བྱས་འདུག

ཟླ་འདིའི་ཚེས་༢ ཉིན་བོད་མི་མང་པོ་ཞིག་གིས་དྲ་ལམ་དུ་གནས་ཚུལ་སྤེལ་བཞིན་པ་ལྟར་ན། རྒྱ་གར་བྱང་ཤར་རྡོ་རྗེ་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གིས་སྣེ་ཁྲིད་འོག་རྡོ་རྗེ་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཐུན་མོང་ནས། ༧རྒྱལ་བའི་གོ་སྟོན་གྱི་ལས་རིམ་ཆ་ཤས་སུ་རྡོ་རྗེ་གླིང་ཁུལ་གྱི་བོད་མི་༩༩༤ ནས་དང་བླངས་ཐོག་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་། ལྷག་པར་དུ་བོད་མི་ཕན་ཚུན་ཐུག་དུས་བོད་སྐད་གཙང་མ་བེད་སྤྱོད་བྱེད་རྒྱུ་ཡིན་ཞེས་༧རྒྱལ་བའི་གོ་སྟོན་སྐབས་དང་བསྟུན་ནས་༧རྒྱལ་བའི་སྐུ་པར་མདུན་དུ་དམ་བཅའ་བཞག་ཡོད་འདུག་ཅིང་། ལས་འགུལ་དེའི་དམ་འབུལ་མཛད་སྒོ་ནི་ཕྱི་ཚེས་༢ ཉིན་རྡོར་གླིང་སཾ་བྷོ་ཊ་གཏན་སློབ་ཀྱི་ཚོགས་ཁང་དུ་འཚོགས་གནང་འདུག
སྐབས་དེ་དུས་ས་གནས་འགོ་འཛིན་དང་། བོད་མི་རྒན་རབས་པ་ཚོས་༧གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་སྐོར་བཀའ་སློབ་བསྩལ་བ་ཞིག་མི་མང་ལ་བརྙན་ལམ་ནས་བསྟན་ཏེ་ད་ལྟའི་དུས་སུ་བོད་མི་ཚང་མས་རང་འགན་རང་འཁུར་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་མི་ཕན་ཚུན་བར་བོད་སྐད་གཙང་མ་བེད་སྤྱོད་བྱེད་དགོས་པ། བོད་པའི་ཁྱིམ་ཚང་རེ་རེ་ནས་འགོ་བཙུགས་ཏེ་ཁྱིམ་ཚང་ནང་བོད་སྐད་གཙང་མ་བེད་སྤྱོད་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བྱས་འདུག དེ་བཞིན་བྱང་ཤར་སྤྱི་ཁྱབ་རྡོ་རྗེ་རིག་འཛིན་གྱིས་འདི་ལོ་༧གོང་ས་མཆོག་གི་སྐུའི་གོ་སྟོན་དང་བསྟུན་ནས་བོད་མི་ཚང་མས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གང་ཐུབ་ཅི་ཐུབ་ཀྱིས་ལག་བསྟར་བྱ་རྒྱུ་དང་། གཞན་ལ་ཁྱབ་སྤེལ་བྱ་རྒྱུ་གལ་ཆེ་ཡིན་ཚུལ་གསུངས་འདུག། དམིགས་བསལ་བོད་པ་མི་རེ་ངོ་རེས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ནས་ཐུགས་བསྐྱེད་དམ་བཅའ་གཅིག་དེ་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་དུས། ང་ཚོའི་ངོས་ནས་འགན་འཁུར་པའི་ཐོག་ནས་བོད་སྐད་བོད་ཡིག་སྲུང་སྐྱོབ་བྱེད་དགོས་རྒྱུ་ཆེ་ཡིན་པར་བརྟེན། ཐེངས་འདིར་རྡོ་རྗེ་གླིང་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་ཚོས་མ་བསྐུལ་དང་བླངས་ཐོག་ཁྱིམ་ཚང་ནང་དང་བོད་མི་ཕན་ཚུན་བར་བོད་སྐད་དང་བོད་ཡིག་བེད་སྤྱོད་བྱེད་རྒྱུ་དམ་བཅའ་བཞག་པ་ནི་ཧ་ཅང་གི་ལས་འགུལ་རླབས་ཆེན་ཞིག་ཡིན་ཞེས་གསུངས་སོང་ལ། དེ་བཞིན་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་མིག་དཔེ་བལྟས་ནས་ལས་འགུལ་དེ་འདྲ་སྤེལ་དགོས་ཞེས་གསུངས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།