༧གོང་ས་མཆོག་གིས་ཨར་ལན་ཌིའི་སྲིད་འཛིན་གསར་པར་འཚམས་འདྲི།

ཉེ་ཆར་ཨར་ལན་ཌིའི་སྲིད་འཛིན་འོས་བསྡུའི་ཁྲོད་ལྕམ་སྐུ་ཁེ་ཐེ་རིན་ཀོ་ནོ་ལི་(Catherine Connolly)རྒྱལ་ཁ་ཐོབ་ཡོད་འདུག་པ་བརྟེན། ༧གོང་ས་མཆོག་གིས་འཚམས་འདྲི་གསུང་འཕྲིན་ཞིག་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༢ རེས་གཟའ་ལྷག་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ཁེ་ཐེ་རིན་ཀོ་ནོ་ལི་(Catherine Connolly)ཨ་ཡིར་ལན་ཌིའི་སྲིད་འཛིན་དུ་འདེམས་ཐོན་གྱིས་ལས་འཁུར་དམ་འབུལ་ཞུས་པར་དགའ་བསུའི་འཚམས་འདྲི་གནང་འདུག
དེ་ཡང་འཚམས་འདྲིའི་གསུང་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བདམས་ཐོན་སྲིད་འཛིན་གང་ཉིད་ཀྱིས་ལོ་མང་རིང་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་ལས་དཀའ་ངལ་ལ་གདོང་ལེན་ཐུབ་རྒྱུ་ཡིན་པ་དང་། བུད་མེད་ཅིག་སྲིད་འཛིན་གྱི་ལས་གནས་སུ་འདེམས་ཐོན་བྱུང་བར་ཐུགས་དགྱེས་ཚོར་དང་སྦྲགས། བུད་མེད་རྣམས་བྱམས་སྙིང་རྗེ་དང་ཚོར་ཤེས་སྐྱེན་པོ་ཡོད་སྐོར་ཚན་རིག་པས་བསྒྲུབས་ཡོད་ལ། སྤྱིར་བུད་མེད་རྣམས་གཞན་གྱི་བདེ་སྡུག་ལ་ཚོར་ཤེས་སྐྱེན་པ་ཡོད་ཅེས་བཀའ་སྩལ་ཏེ། འགོ་ཁྲིད་ཀྱི་ཁྲོད་དུ་བུད་མེད་ཇེ་མང་དུ་སོང་ན། འཛམ་གླིང་འདིར་སྔར་ལྷག་བསམ་ཤེས་དང་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་ངེས་ཡིན་ཞེས་གསུངས་འདུག
མཐར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདེམས་ཐོན་སྲིད་འཛིན་མཆོག་གིས་ཨར་ལན་ཌིའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུར་དཀའ་ངལ་ཁག་ལ་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་ཡང་མཛད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།