སྐབས་བརྒྱད་པའི་རྫོང་སར་སྨོན་ལམ་ཆེན་མོ་ཚོགས་བཞིན་པ།


ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༨ ཉིན། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭའི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་བཅུའི་རིང་གི་སྐབས་བརྒྱད་པའི་རྫོང་སར་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད་འདུག

པར། རྫོང་སར་གྱི་ངོ་དེབ།

འདི་གའི་གསར་འགོད་པས་དྲ་ཐོག་ཏུ་མཁན་ཆེན་ནོར་བུ་ཚེ་རིང་ལ་དྲི་བ་ཞུས་པར། ཁོང་གིས་རྫོང་སར་སྨོན་ལམ་ཆེན་མོའི་བྱུང་རིམ་སོགས་དང་འབྲེལ། ལོ་གཉིས་རེའི་མཚམས་སུ་རྫོང་སར་སྨོན་ལམ་ཆེན་མོ་ཚོགས་སྲོལ་ཡོད་པ་བཞིན། ད་ཐེངས་སྨོན་ལམ་སྐབས་བརྒྱད་པ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༠༠ ལོར་རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གསར་དུ་འཛུགས་སྐྲུན་གནང་ཡོད་པ་དང་། སྐབས་དེར་མཁན་ཆེན་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་ཕྱི་རྒྱལ་ལ་ཕེབས་ནས་དངུལ་ཐབས་ཤེས་གནང་ཞིང་། སྦྱིན་བདག་མང་པོའི་རྩ་ནས་དངུལ་བསླངས་ཡོད་པར་བརྟེན། རིན་པོ་ཆེས་འདས་གྲོངས་སུ་ཕྱིན་ཟིན་པའི་སྦྱིན་བདག་རྣམས་ལ་བསྔོ་བ་དང་། གསོན་པོ་རྣམས་ལམ་འགྲོ་དང་བདེ་སྐྱིད་ཡོང་བའི་ཆེད། དེ་བཞིན་ས་རྐོ་རྡོ་སློག་བྱེད་པའི་སྐབས། འབུ་སྲིན་སོགས་སྲོག་ཆགས་ཀྱི་རིགས་མང་པོས་སྲོག་ཤོར་ཡོད་པས་དེ་དག་ལ་བསྔོ་ཆེད་སྨོན་ལམ་ཞིག་འཚོག་དགོས་རེད་ཅེས་གསུངས་པ་ལྟར། ཕྱི་ལོ་༢༠༠༦ ལོ་བཤད་གྲྭའི་རྟེན་དང་བརྟེན་པ་གྲུབ་པ་དང་བསྟུན། མཁན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སྨོན་ལམ་ཆེན་མོ་ཐོག་མ་དབུ་འཛུགས་གནང་ཡོད་པ་རེད་ཅེས་ངོ་སྤྲོད་གནང་སོང་།
རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནི། ཕྱི་ལོ་༢༠༠༠ ཟླ་༣ ཚེས་༡༥ ཉིན་བཤད་གྲྭའི་འཛུགས་སྐྲུན་གསར་པའི་ས་གཞི་སྙོམ་པར་བྱ་བ་དང་། ཕྱི་ཡི་ལྕགས་རི་བསྐོར་བ་ནས་འགོ་ཚུགས་ཏེ། ཕྱི་ལོ་༢༠༠༤ ཡི་ལོ་མཇུག་ཏུ་འཛུགས་སྐྲུན་གྱི་ཨར་ལས་ཕལ་ཆེར་གྲུབ་ཏེ། བཤད་གྲྭ་མར་སྤོས་པ་དང་བསྟུན། ༧གོང་ས་མཆོག་གདན་དྲངས་ཏེ་བཤད་གྲྭའི་སྒོ་འབྱེད་གནང་ཡོད་འདུག
སྨོན་ལམ་ཆེན་མོ་སྐབས་དང་པོ་ནས་མུ་མཐུད་ཚོགས་དོན་དང་འབྲེལ། ཁོང་གིས་ཕྱི་ལོ་༢༠༠༨ ལོར་མཁན་རིན་པོ་ཆེ་དགོངས་པ་རྫོགས་པས་དགོངས་རྫོགས་ཀྱི་མཆོད་འབུལ་འདྲ་བྱས་ནས་སྐབས་གཉིས་པ་དེ་ཚོགས་ཡོད་པ་དང་། དེ་ནས་སྦྱིན་བདག་མང་པོས་སྨོན་ལམ་མུ་མཐུད་དེ་འཚོག་རོགས་གྱིས་ཟེར་ནས་རེ་བ་དང་འབོད་སྐུལ་ཞུས་ནས་སྦྱིན་བདག་བྱེད་མཁན་མང་པོ་བྱུང་པར་བརྟེན། ཁོང་རྣམ་པའི་རེ་བ་ལྟར་མུ་མཐུད་འཚོག་རྒྱུ་བྱུང་བ་རེད་ཅེས་དང་།
ད་ཐེངས་སྐབས་བརྒྱད་པའི་སྨོན་ལམ་ཆེན་མོ་ལ་གྲྭ་པ་ཆིག་སྟོང་ལྔ་བརྒྱ་ནས་དྲུག་བརྒྱ་བར་དང་། འབྲུག་དང་བལ་ཡུལ། རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་སོགས་ནས་མི་སྐྱ་ཆིག་སྟོང་ལྷག་དང་། ཁྱོན་བསྡོམས་ན་སྨོན་ལམ་ཆེད་དུ་ཕེབས་མཁན་དད་ལྡན་བཞི་སྟོང་ཙམ་འདུག་ཅེས་བརྗོད་སོང་།
རྫོང་སར་སྨོན་ལམ་ཆེན་པོའི་རིང་། སྨོན་ལམ་འཚོག་རྒྱུ་དང་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གི་བཀའ་ཆོས། ཉིན་ལྟར་༼Siddhartha Festival༽ ཚུ་ཚོད་ཕྱེད་ཀྱི་རིང་ལ་དཀོན་མཆོག་གསུམ་གྱི་སྒྲུབ་ཐབས་གསུང་རྒྱུ་དང་། ༨༤༠༠༠ ཚོགས་པའི་གོ་སྒྲིག་འོག་ཉིན་ལྟར་སྐར་མ་བཅུའི་རིང་ལ་མདོ་བཀླག་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།