སློང་ཆོག་པ་ལས་ཚོང་རྒྱག་མི་རུང་བ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༦ ། འཆར་ལ་ཉེ་བའི་ལོ་རྗེས་མའི་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་དུས་ཚིགས་གལ་ཆེན་པོ་ཞིག་ཏུ་སླེབས་ཡོད་པ་དང་། བོད་དོན་འཐབ་རྩོད་དེ་རྒྱུན་རིང་གནས་པར་བོད་མིའི་སྒྲིག་འཛུགས་གནས་དགོས་ལ། བོད་མིའི་སྒྲིག་འཛུགས་གནས་པར་དཔལ་འབྱོར་གྱི་རྒྱབ་རྟེན་ནི་མེད་ཐབས་མེད་པ་ཞིག་རེད། སྲིད་སྐྱོང་གི་ངོས་ནས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་ལས་ལྷག་ཅིག་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་ཐབས་སུ་དུས་ཚོད་གཏོང་དགོས། བཙན་བྱོལ་བོད་གཞུང་ལ་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་དཀོན་པ་དང་། དཔལ་འབྱོར་གྱི་འཁོས་ཀ་ཧ་ཅང་ཞན་པའི་དུས་སུ་སྐབས་དེའི་གནས་སྟངས་ལ་གཞིག་པའི་ཚོང་ལས་གང་མང་ཞིག་འགོ་འཛུགས་བྱས་ཡོད། འོན་ཀྱང་ལས་བྱེད་སྤྱི་དོན་ཁ་འཁྱེར་དང་རང་དོན་ཁོག་བཅུག་བྱེད་མཁན་ད་ལྟའི་ཆར་ལས་བྱེད་ཟུར་པ་དང་སློབ་ཕྲུག་ཟུར་པ་ཟེར་བ་སོགས་ཀྱི་སྣེ་ཁྲིད་པར་བརྫུས་ནས་སྡུག་ཉེས་འགེབས་ཐབས་བྱེད་མཁན་སོགས་ཀྱིས་ལྐོག་ཟ་རུལ་སུངས་ལ་བརྟེན་ནས་ཚོང་ལས་ཁག་ཅིག་ལ་ལམ་ལྷོང་ཚད་ལྡན་བྱུང་མེད།
ཚོང་ལས་ཀྱི་སྡེ་ཚན་གཞན་དག་མང་པོ་ཞིག་ལ་ཁེ་བཟང་གང་འཚམ་ཡག་པོ་བྱུང་ཡོད་ནའང་། སྐབས་དེར་དངུལ་བཅོལ་ལ་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་གཞན་ལ་སྤྲོད་དགོས་པའི་བུ་ལོན་མང་པོ་ཡོད་པས། མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་བའི་སྐབས་བོད་གཞུང་གི་ཚོང་ལས་སྡེ་ཚན་ཁག་ཚང་མ་སྒེར་ལ་ཚོང་བསྒྱུར་བྱས། སྐབས་དེའི་བུ་ལོན་རྣམས་འཇལ་ཐུབ་ཙམ་བྱུང་ཡོད་ཀྱང་དོན་དུ་ས་ཁང་མང་ཆེ་བར་སྐབས་དེའི་གནས་སྟངས་ལ་གཞིག་པའི་གོང་ཚད་ཀྱང་རག་མེད་ལ། ད་ལྟའི་གནས་བབས་དང་བསྡུར་ན་ཚོང་ལས་ཀྱི་གྱོང་གུད་ཙམ་དུ་མ་ཟད་ས་ཁང་གི་རིན་གོང་ཁོ་ནའི་ཐོག་ནས་ཀྱང་གསབ་ཐབས་བྲལ་བའི་གྱོང་གུད་ཆེན་པོ་ཞིག་ཏུ་གྱུར་ཟིན། ད་ལྟའི་འཛིན་སྐྱོང་གི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚོང་ལས་ནི་སྤང་བྱ་ཁོ་ན་ཡིན་པའི་སྲིད་བྱུས་བཟུང་ཡོད་ལ། ཁ་ནས་རང་ཁ་རང་གསོའི་འབོད་ཚིག་ཇི་ལྟར་བསྒྲགས་ཀྱང་དོན་དུ་རྒྱལ་ཁབ་གཞན་ལ་སློང་མོ་རྒྱག་རྒྱུ་ཁོ་ན་ལས་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ལམ་གཞན་གང་ཡང་མེད།
ད་ལྟའི་ཆར་ཨ་རིའི་རོགས་དངུལ་ཆད་ནས་ཕལ་ཆེ་བ་བསྐྱར་གསོ་ཐུབ་མེད་པ་དང་། ཡུ་རོབ་ཏུ་ར་ཡུག་གི་དམག་འཁྲུག་ལ་བརྟེན་ནས་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲལ་ཡོད། ཁེ་ན་ཌར་ཨ་རིའི་ཚོང་དམག་གི་དཀའ་ངལ་སོགས་ལ་བརྟེན་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་གནང་མཁན་ཕལ་ཆེ་བའི་གནས་སྟངས་ལ་བལྟས་ན་མུ་མཐུད་དུ་རོགས་སྐྱོར་རྒྱ་ཆེན་པོ་ཞིག་རག་རྒྱུའི་རེ་བ་དེ་ཙམ་མེད་པས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་རྒྱབ་རྟེན་གཙོ་བོ་གང་ལ་བརྟེན་ནས་འཚོལ་དགོས་པ་དེ་༢༠༢༦ ལོར་འོས་འདེམས་བྱ་རྒྱུའི་འཛིན་སྐྱོང་གི་འགན་ཁུར་མཁན་སུ་ཡིན་ཡང་། དེས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད། ད་ལྟའི་ཆར་བོད་མི་རང་ངོས་ནས་དང་བླངས་དཔྱ་ཁྲལ་གྱི་འབུལ་འབབ་དེ་ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་གི་བརྒྱ་ཆ་༩ ཙམ་ཡིན་པ་དང་། དེ་མིན་ཚང་མ་གཞན་བརྟེན་ཁོ་ན་ཡིན་པས་མུ་མཐུད་རོགས་རམ་ཐབས་འཚོལ་མ་ཐུབ་ན་བོད་མིའི་སྒྲིག་འཛུགས་ཀྱང་རྒྱུན་རིང་གནས་ཐུབ་པའི་རེ་བ་གང་ཡང་མེད།
བོད་མིའི་སྒྲིག་འཛུགས་ཀྱིས་ཚོང་ལས་མི་གཉེར་བའི་རྒྱབ་ལྗོངས་གཙོ་བོ་ནི། འགན་ཁུར་མཁན་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཡོང་གི་ཡོད་པ་དང་། ལྐོག་ཟ་མ་བྱས་ཀྱང་དང་འདོད་ཆེན་པོས་ཚོང་ལས་ལ་འབད་བརྩོན་བྱེད་མཁན་ཉུང་བས་སྤྱི་པའི་ཚོང་ལས་ལ་ཁེ་བཟང་ཆེན་པོ་མ་རག་པའི་ཉམས་མྱོང་ལ་བརྟེན་ནས་བྱུང་བ་རེད། ཚོང་ལས་སྡེ་ཚན་ཁག་ཏུ་ཚོང་ལས་གཉེར་མཁན་རྣམས་ཟླ་ཕོགས་ཙམ་ལ་བརྟེན་ནས་བཞག་ན་རྒྱུན་རིང་པོར་འབད་བརྩོན་བྱེད་མཁན་དཀོན་པོ་ཡིན་སྲིད་ཀྱང་། འབད་བརྩོན་ལ་བརྟེན་ནས་ཁེ་བཟང་ཅི་ཙམ་མང་བ་དེའི་ཚོད་ཀྱིས་འགོ་འཁྲིད་དང་ལས་བྱེད་རྣམས་ལ་བརྒྱ་ཆར་གཞལ་ནས་ཁེ་འབབ་སྤྲོད་ཐབས་ཀྱི་ལམ་ལུགས་ལག་བསྟར་བྱས་ན། ཚོང་ལས་སྡེ་ཚན་དང་ལས་ཀ་བྱེད་མཁན་ཚང་མར་ཁེ་བཟང་ཆེ་བ་ཡོང་རྒྱུ་སྨྲོས་མེད་རེད། གཞན་བོད་པའི་ཁ་རྒྱུན་དུ་“སྤྱི་རྟ་སྒལ་རལ་”ཟེར་བའི་གཏམ་དཔེ་ཡོད་པ་བཞིན། སྤྱི་པའི་རྒྱུ་ནོར་ལ་བདག་གཅེས་ཚུལ་བཞིན་མི་བྱེད་པ་དང་སྤྱི་པའི་ཁེ་ཕན་ལ་བསམ་བློ་གཏོང་མཁན་ཉུང་ཉུང་ཡིན་པའི་རྟགས་མཚན་ཞིག་སྔོན་མ་ནས་ཡོད་འདུག
མདོར་ན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་འབྱུང་ཁུངས་གཙོ་བོ་ནི། ཐབས་ལམ་གསར་པ་ལ་བརྟེན་ནས་ཚོང་ལས་ཀྱི་ཐོག་ནས་ཐབས་ཤེས་རེ་རྙེད་ན་མ་གཏོགས། མུ་མཐུད་སློང་མོ་ཁོ་ན་ལ་བརྟེན་ནས་གནས་ཐབས་དེ་ཧ་ཅང་ཁག་པོ་ཡིན་པ་དང་། ད་ལྟ་ཊོམ་གྱིས་སྣེ་ཁྲིད་པའི་ཨ་རིའི་སྲིད་བྱུས་དེ་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་སྲིད་ལ། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་འཕེལ་རིམ་གསར་པ་དང་མི་སེམས་འགུལ་བའི་གནས་སྟངས་དམིགས་བསལ་དེ་འདྲ་མེད་ན། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐུབ་པའི་ནུས་པ་དེའང་རང་བཞིན་གྱིས་ཉུང་དུ་འགྲོ་ངེས་རེད། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་། སློབ་གྲྭ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཚོང་ལས་ལ་བརྟེན་ནས་རྒྱུན་འཁྱོངས་བྱེད་ཐུབ་པའི་ཐབས་ལམ་རེ་ཡོད་ན་མ་གཏོགས། རིམ་པས་ཚང་མ་སྒོ་རྒྱག་རྒྱུ་ལས་ཐབས་ཤེས་གཞན་མེད་པའི་དུས་ཚོད་ཅིག་འཆར་སྲིད་པས། ད་ལྟ་ནས་ཚོང་རྒྱག་དགོས་པ་ལས་སློང་རྒྱག་པ་དེ་ཐབས་ཤེས་ཡག་པོ་མིན་པའི་ངོས་འཛིན་བྱེད་དགོས།།
