ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་འདུ།
སྤྱི་ཚོགས་ནང་ཁས་ལེན་མིན་ལ་མ་ལྟོས་པར་གཞུང་གིས་ལས་འགན་གལ་ཆེན་པོའི་ཐོག་ཐག་གཅོད་ཀྱིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་ལག་ལེན་བྱས་བསྡད་ཡོད་པ་རེད། ཡིན་ནའང་དེ་མ་འོངས་པར་ཕུགས་རྒྱང་རིང་པོའི་སྲིད་བྱུས་ཤིག་ཡིན་པས། ཟླ་ཤས་ལོ་ཤས་ནང་ལ་གྲུབ་འབྲས་ཐོན་ཐུབ་པ་ཞིག་མིན་པས། ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དེའི་ཐོག་ཛ་དྲག་གིས་ག་རེ་དགོས་མིན་སྐོར་ཤེས་ཡོན་ཅན་ཚོར་གོ་བསྡུར་ཞུ་རྒྱུའི་ཆེད་དུ་ཡིན་སྐོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུངས་ཡོད་པ་རེད།
བཙན་བྱོལ་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་དང༌། སློབ་གྲྭ་ཁག་ཅིག་གི་སློབ་སྤྱི་དང་དགེ་རྒན། རྩོམ་པ་པོ་སོགས་ཁྱོན་མི་གྲངས་བཞི་བཅུ་ཕེབས་ཡོད་པ་དང༌། ྋགོང་ས་མཆོག་གིས་ཉེ་ཆར་བོད་ཕྲུག་རྣམས་ཀྱིས་ཤེས་ཡོན་ལ་དོ་སྣང་ཆེ་རུ་གཏོང་རྒྱུ་དང༌། རིགས་གཅིག་རྐང་འཛིན་པ་མང་པོ་ཐོན་ཐུབ་དགོས་པ། ཤེས་ཡོན་ཐད་འཐུས་ཤོར་འགྲོ་ཡི་ཡོད་ལུགས་བཀའ་ཕེབས་པ་གཞིར་བཟུང་གི་གོ་བསྡུར་གནང་གི་ཡོད་པ་རེད། དེའི་ནང་གི་བསམ་འཆར་འདོན་མཁན་རྣམས་ཀྱིས་རིགས་གཅིག་རྐང་འཛིན་དང༌། འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་བྱེད་མཁན་རྣམས་ལ་གཞུང་ནས་དམིགས་བསལ་རྒྱབ་སྐྱོར་དང༌། གཟེངས་བསྟོད་དགོས་ཚུལ་གསུང་མཁན་འདུག་པ་མ་ཟད། ཤེས་ཡོན་ཕྲན་བུ་ཡོད་མཁན་རྣམས་ལ་གཞུང་གིས་བདག་པོ་རྒྱག་ཐུབ་པ་དགོས་སྐོར་གསུང་མཁན་ཡང་འདུག གཞན་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་འཐུས་ཤོར་ཐད་ཕྱི་ལོགས་ནས་བསྐྱར་ཞིབ་བྱེད་མཁན་གདན་འདྲེན་ཞུ་དགོས་སྐོར་དང༌། འཐུས་ཤོར་མི་འགྲོ་བའི་གནད་འགག་གཙོ་བོ་ནི་སློབ་གྲྭའི་སློབ་སྤྱི་དང༌། དགེ་རྒན་ཚད་ལྡན་དེ་འདྲ་གསོ་སྐྱོང་དང༌། འཚར་ལོངས་འབྱུང་ཐུབ་པ་བྱེད་དགོས་སྐོར། ཡང་ཁ་ཅིག་གིས་སེར་མོ་བ་མ་ཡིན་པའི་མི་སྐྱའི་སྤྱི་ཚོགས་ནང་དུ་ནང་ཆོས་ཀྱི་གོ་རྟོགས་དམན་པའི་རྐྱེན་གྱིས་ནང་ཆོས་སྐོར་དྲི་བ་འདྲི་མཁན་བྱུང་དུས། ལན་རྒྱག་མི་ཤེས་པའི་གནས་སྟངས་སོགས་ཡོང་གི་འདུག་པས། མི་སྐྱའི་སྤྱི་ཚོགས་ནང་དུ་ནང་ཆོས་ཀྱི་གཞི་རྐང་གཙོ་བོ་རིགས་ལམ་ནས་ཡག་པོ་སློབ་ཁྲིད་བྱེད་དགོས་པ་སོགས་བསམ་ཚུལ་འདྲ་མིན་འདོན་མཁན་བྱུང་ཡོད་པ་རེད།།