ལོ་རྒྱུས་ཐོག་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་མཐོ་ཤོས་ལ་ཆོག་མཆན་གནང་།

ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་མཚམས་སུ། ཉི་ཧོང་གིས་རྒྱལ་སྲུང་ཐོག་སྔར་བྱུང་མ་མྱོང་བའི་འགྲོ་གྲོན་གཏོང་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག

པར། BS

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉི་ཧོང་གི་བློན་ཆེན་ལྷན་ཚོགས་(Cabinet)ཀྱིས་ཟླ་༡༢ ཚེས་༢༦ ཉིན། ལོ་རྗེས་མའི་རྒྱལ་སྲུང་གི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༥༨ ལྷག་སྤྲད་རྒྱུའི་ཆོག་མཆན་གནང་ཞིང་། འགྲོ་གྲོན་དེ་ནི་ལོ་སྔོན་མ་དང་བསྡུར་ན་འགྲོ་གྲོན་བརྒྱ་ཆ་༩།༤ ཡིས་མང་ཞིང་། ད་བར་ལོ་བཅུ་གཉིས་བསྟུད་མར་རྒྱལ་སྲུང་གི་འགྲོ་གྲོན་འཕར་ཡོད་པ་བརྗོད་འདུག
འཆར་གཞི་ལྟར་ན། ཉི་ཧོང་གི་སྒོར་མོ་ཐེར་འབུམ་༡༧༧ བཏང་ནས་སྤྱི་ལེ་༡༠༠༠ ཙམ་ལ་འཕེན་ཐུབ་པའི་(Type-12)རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་ཉོ་རྒྱུ་དང་། དེ་དག་དུས་ཡུན་སྔ་སྣུར་གྱིས་ཕྱི་ལོ་༢༠༢༦ ཟླ་༣ པའི་ནང་ཉི་ཧོང་གི་ལྷོ་ནུབ་ཀུ་མ་མོ་ཏོ་(Kumamoto)མངའ་ཁུལ་དུ་འགྲེམས་འཇོག་བྱ་རྒྱུ། དེ་བཞིན་ཉི་ཧོང་གིས་རྒྱལ་ཁབ་ཀྱི་མཚོ་ཁ་སྲུང་སྐྱོབ་བྱེད་ཆེད་ཉི་ཧོང་གི་སྒོར་མོ་ཐེར་འབུམ་༡༠༠ བཏང་ནས་འགེབས་སྲུང་མ་ལག་(SHIELD)ཞེས་ནམ་མཁའ་དང་མཚོ་ཐོག དེ་བཞིན་མཚོ་གཏིང་བཅས་སུ་བཀོལ་བའི་(Drones)འབོར་ཆེན་འགྲེམས་འཇོག་གི་ལས་གཞི་ཞིག་ཕྱི་ལོ་༢༠༢༨ ཟླ་༣ པར་མཇུག་བསྒྲིལ་རྒྱུ་ཡིན་འདུག གཞན་ཡང་ཨ་རིའི་གནམ་གྲུ་མང་པོ་ཉོ་རྒྱུ་དང་། དབྱིན་ཇི་དང་ཨི་ཊ་ལི་བཅས་དང་མཉམ་འབྲེལ་གྱིས་དམག་གྲུ་གསར་པ་བཟོ་རྒྱུ་སོགས་ལ་དམིགས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་འགས། ཉི་ཧོང་གིས་རྒྱལ་སྲུང་ཐོག་འགྲོ་གྲོན་ཤུགས་ཆེན་གཏོང་དགོས་དོན་ནི། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་གཙོས་གོ་མཚོན་ཡང་ཡང་ཚོད་ལྟ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དམག་སྟོབས་རྒྱ་སྐྱེད་ལ་དོགས་ཟོན་དང་། ལྷག་པར་དུ་ཐའེ་ཝན་གྱི་གནད་དོན་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད། ཉི་ཧོང་གི་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་ནའང་། དམག་དོན་ཐོག་འགྲོ་གྲོན་ཆེན་པོ་གཏོང་བ་འདིས། ཉི་ཧོང་གིས་རང་གི་བདེ་འཇགས་ཀྱི་གནས་སྟངས་དེ་ཛ་དྲག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་ཡོད་ཚུལ་བརྗོད་འདུག
དེ་བཞིན་རྒྱ་ནག་གིས་དུས་རྒྱུན་དུ་ཉི་ཧོང་གིས་སྲུང་སྐྱོབ་ནུས་པ་ཤུགས་ཆེ་རུ་གཏོང་བར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༧ ཉིན། ཉི་ཧོང་གི་སྲིད་བློན་གསར་པ་ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ཡིས་གྲོས་ཚོགས་ནང་དྲི་བ་ཞིག་ལ་ལན་འདེབས་གནང་སྐབས། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་ཉེན་ཁ་བཟོ་བའི་གནས་སྟངས་ཤིག་ལ་བརྩི་རྒྱུ་ཡིན་ཞེས་དང་། ཉི་ཧོང་ནས་དམག་དོན་གྱི་ལན་འདེབས་བྱེད་སྲིད་ཅེས་གསུངས་པ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ད་ཐེངས་ཉི་ཧོང་གིས་རྒྱལ་སྲུང་གི་འགྲོ་གྲོན་སྤར་བ་ནི་རྒྱ་ནག་དང་ཉི་ཧོང་བར་དགྲ་ཟླའི་རྣམ་པ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་ཤིག་ལ་འཁེལ་ཡོད་པ་བརྗོད་འདུག
ཉི་ཧོང་གི་དམག་ཆེན་གཉིས་པའི་རྗེས་ཀྱི་རྩ་ཁྲིམས་ཀྱིས་རྒྱལ་སྤྱིའི་རྩོད་རྙོག་སེལ་བའི་ཐབས་ལམ་དུ་དྲག་པོ་སྤྱོད་རྒྱུ་བཀག་སྡོམ་བྱས་པར་བརྟེན། འདས་པའི་ལོ་མང་རིང་ཉི་ཧོང་གི་ས་ཐོག་ཏུ་ཐད་ཀར་ཚུལ་རྒོལ་ཕོག་ན་མ་གཏོགས་དམག་མི་རྒྱག་པའི་རང་སྲུང་ཙམ་གྱི་སྲིད་བྱུས་བཟུང་ཡོད་ན་ཡང་། ཕྱི་ལོ་༢༠༡༥ ལོར་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་ལགས་ཀྱི་སྐབས་སུ། རྩ་ཁྲིམས་ལ་བཟོ་བཅོས་ཤིག་གིས། ཐད་ཀར་ཚུར་རྒོལ་མ་ཕོག་ནའང་གནས་སྟངས་འགའ་ཞིག་གི་འོག་མཉམ་རུབ་རང་སྲུང་(collective self-defence)གི་དབང་ཆ་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག
ད་ལྟ་ཉི་ཧོང་གི་སྲིད་བློན་གསར་པའི་དབུ་ཁྲིད་འོག ཉི་ཧོང་གིས་རང་སྲུང་ཙམ་མ་ཡིན་པར། ཕྱི་ལོགས་ནས་དྲག་པོའི་བཙན་འཛུལ་བྱུང་ཚེ་དེར་ལན་འདེབས་བྱེད་པའི་ནུས་པ་(Counterstrike Capability)ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།