བོད་པའི་དགེ་རྒན་ཟུར་པ་ཞིག་མགོ་སྐོར་འོག་ཚུད་ནས་སྒོར་འབུམ་༡༦༡ ལྷག་ཤོར་འདུག
ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢ ཉིན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒས་ཡོལ་དུ་ཕྱིན་པའི་རྒན་དཔལ་ལྡན་ཆོས་གྲགས་དྲ་ཐོག་གི་གཡོ་ཟོལ་འོག་ཏུ་ཚུད་ནས། མི་ཚེ་གཅིག་གི་རིང་བསགས་པའི་ཧིན་སྒོར་འབུམ་༡༦༡ ལྷག་ཤོར་ཡོད་འདུག རྒན་ཁོང་ནི་དགུང་ལོ་༧༢ ཡིན་ཞིང་ད་ལྟ་མོན་གྷོ་ས་གནས་སུ་གནས་སྡོད་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ པའི་ཚེས་༢༩ ཉིན། རྒན་ཆོས་གྲགས་ལགས་སུ་༼WhatsApp༽ བརྒྱུད་ནས་ཁ་པར་ཞིག་འབྱོར་ཡོད་པ་མ་ཟད། མི་དེས་རང་ཉིད་ཧ་མ་ར་ཤི་ཊ་མངའ་སྡེའི་ཀོ་ལ་བྷ་༼Colaba༽ ཉེན་རྟོག་ཁང་གི་འགོ་དཔོན་༼Inspector༽ ཞིག་ཡིན་པའི་ངོ་སྤྲོད་བྱས་ཡོད་པ་དང་། མུམ་བྷེ་༼Mumbai༽ ནས་འཛིན་བཟུང་བྱས་པའི་འཇིགས་སྐུལ་རིང་ལུགས་པ་ཨབ་དྷུལ་ས་ལམ་༼Abdul Salam༽ ཟེར་བ་ཞིག་གི་ལག་ནས་རྒན་ཆོས་གྲགས་ཀྱི་མིང་ཐོག་ཏུ་ཡོད་པའི་ཀ་ན་ར་དངུལ་ཁང་གི་༼Canara Bank༽ གྱི་ཨེ་ཊི་ཨེམ་བྱང་བུ་༼ATM༽ ཞིག་ཐོན་ཡོད་པའི་ཉེས་འཛུགས་བྱས། ཁོང་ཚོས་འཇིགས་སྐུལ་རིང་ལུགས་པ་དེའི་ལག་ནས་བྱང་བུ་༢༤༢ རྙེད་སོན་བྱུང་བའི་ནང་ཆོས་གྲགས་ལགས་ཀྱི་བྱང་བུ་ཡང་ཡོད་པ་དང་། ཁོང་གི་དངུལ་ཁང་རྩིས་ཁྲ་༼Bank Account༽ བརྒྱུད་ནས་སྒོར་ཐེར་འབུམ་མང་པོའི་ཁྲིམས་འགལ་དངུལ་བརྗེ་བྱས་པའི་གྱོད་གཞི་ཞིག་ཐོ་འགོད་བྱས་པའི་འཇིགས་སྐུལ་བྱས་ཡོད་འདུག
ཆོས་གྲགས་ལགས་ཀྱིས་རང་ཉིད་ལ་ཉེས་པ་མེད་པའི་རེ་འབོད་ཇི་ལྟར་བྱས་ཀྱང་། གཡོ་ཟོལ་བ་ཚོས་དངུལ་ཁང་གི་རྩིས་ཐོ་རྫུན་མ་རྣམས་བཏང་སྟེ་ཁོང་ལ་དེ་བས་ཀྱང་འཇིགས་སྣང་བསྐུལ། ཁོང་ཚོས་ཁོང་གི་དངུལ་རྣམས་རྒྱལ་ཡོངས་ཐེབས་རྩ་༼National Fund༽ ཞེས་པའི་ནང་དུ་བདག་གཉེར་ཆེད་གཏོང་དགོས་པ་དང་། ཞིབ་བཤེར་ཚར་རྗེས་དངུལ་རྣམས་ཕྱིར་སློག་བྱ་རྒྱུའི་ཁས་ལེན་བྱས།
ཉེས་ཅན་པ་ཚོས་རྒན་ཆོས་གྲགས་ལ་དྲ་ཐོག་ནས་ཁྱིམ་བཀག་༼Virtual house arrest༽ བྱས་ཏེ། ཁ་པར་ཁ་བརྒྱབ་མི་ཆོག་པ་དང་། གནད་དོན་འདི་སུ་ལའང་བཤད་མི་ཆོག་པའི་བཀའ་བཏང་། གལ་སྲིད་སུ་ལ་བཤད་ན་རྒྱལ་འཚོང་གི་ཉེས་པ་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་མ་ཟད། ཆུ་ཚོད་གཉིས་རེའི་མཚམས་སུ་ཁོང་ཚོ་ལ་ཡིག་ཐོག་ནས་འབྲེལ་བ་བྱེད་དགོས་པའི་བཙན་བཀའ་བཏང་།
འཇིགས་སྣང་འོག་ཆོས་གྲགས་ལགས་ཀྱིས་རང་གི་དངུལ་ཁང་གི་གཏན་འཇགས་བསགས་ཆ་༼Fixed Deposit༽ རྣམས་བཏོན་པ་དང་། གྲོགས་པོ་ཚོའི་ལག་ནས་དངུལ་གཡར་ཏེ་གཡོ་ཟོལ་བའི་བཀོད་སྒྲིག་ལྟར། རིམ་པ་མང་པོའི་ཐོག་ནས་ཁྱོན་བསྡོམས་ཧིན་སྒོར་འབུམ་༡༦༡ ལྷག་བརྒྱུད་གཏོང་བྱས་ཡོད་འདུག
དངུལ་རྣམས་ཚང་མ་བཏང་ཚར་རྗེས་གཡོ་ཟོལ་བ་ཚོས་ཁ་པར་ལ་ལན་མ་བརྒྱབ་པའི་སྐབས་སུ། གཞི་ནས་མགོ་སྐོར་ཐེབས་པ་ཤེས་རྟོགས་བྱུང་། ཆོས་གྲགས་ལགས་ཀྱིས་འཕྲལ་དུ་ཀར་ཝར་དྲ་རྒྱའི་ཉེན་ཁའི་ཉེན་རྟོག་ལས་ཁུངས་༼Cyber Crime Police Station༽ སུ་སྙན་ཞུ་ཕུལ་བ་དང་། ད་ལྟ་ཉེན་རྟོག་པས་གྱོད་གཞི་འདིའི་ཐོག་ཞིབ་བཤེར་འགོ་འཛུགས་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
