རྩ་དོན་བོར་བའི་འོས་བསྡུ།
སྤྱིའི་འདོན་ཐེངས་༡༠༨༣ །
ཕྱི་ལོ་༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འགོ་འཛུགས་བྱས་ཟིན་པ་དང་། ད་ལྟའི་ཆར་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་མང་པོ་ཞིག་འགྲོ་བཞིན་པའི་སྐབས་རེད། ལོ་འདིར་སྲིད་སྐྱོང་གི་འོས་བསྡུ་དང་འབྲེལ་བའི་འོས་མི་ཕན་ཚུན་བར་བགྲོ་གླེང་གི་ལས་རིམ་དེ་འདྲ་ཡོད་ཚོད་མི་འདུག་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་བྱ་རྒྱུ་མིན་པའི་གསལ་བཤད་གནང་ཟིན་པས། སྲིད་སྐྱོང་གི་འོས་མི་གཙོ་བོ་དང་ལས་ཐོག་སྲིད་སྐྱོང་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་དུ་མ་ཞུགས་ན་འོས་མི་གཞན་དག་ཁོ་ནའི་བགྲོ་གླེང་གནང་ཡང་རྒྱུ་མཚན་གང་ཡང་མེད། སྤྱི་འཐུས་འོས་མི་ཕན་ཚུན་བགྲོ་གླེང་རེ་ཟུང་ཙམ་བྱེད་ཀྱི་ཡོད་འདུག་ཀྱང་། མི་མང་གི་ངོས་ནས་ཆོལ་ཁ་གསུམ་སོགས་སྤྱི་འཐུས་ཀྱི་ཡོང་ཁོངས་སོ་སོའི་ཞེན་ཁོག་ཁ་ནས་ཅི་ཙམ་བཤད་ཐུབ་མིན་གཙོ་བོར་འཛིན་པ་ལྟ་བུ་ལས། གྲོས་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་ལ་ནུས་པ་འདོན་ཐུབ་མིན་ཐད་བསམ་བློ་གཏོང་མཁན་ཉུང་དུ་སོང་ཡོད་པ་ལྟ་བུའི་རྣམ་པ་མངོན་འདུག
དེ་བཞིན་སློབ་གྲྭ་ཁག་གིས་འོས་མིར་ལང་རྒྱུར་སྔོན་དང་མི་འདྲ་བའི་བཀག་འགོག་བྱེད་བཞིན་པ་དང་། དཔེར་ན་རྡ་ས་བོད་ཁྱིམ་ནས་སྤྱི་འཐུས་སུ་ལང་མཁན་དགེ་རྒན་རེ་ཟུང་འོས་མི་ནས་ཕྱིར་འཐེན་བྱེད་བཅུག་འདུག ཚོགས་པ་གཅིག་གི་གཞི་རིམ་དགེ་རྒན་སྤྱི་འཐུས་སུ་ལང་མ་བཅུག་ནའང་། མཐོ་སློབ་དགེ་རྒན་སྤྱི་འཐུས་སུ་ལང་ཆོག་པ་ལྟ་བུ་འདྲ་མཉམ་མེད་པའི་ཐག་གཅོད་བྱས་འདུག་པ་ནི། གང་ཟག་སྒེར་ལ་དམིགས་པ་ཞིག་ཡིན་ན་མ་གཏོགས་རྒྱུ་མཚན་དམིགས་བསལ་ཡོད་པ་ཞིག་ཏུ་མཐོང་དཀའ། དེ་བཞིན་སློབ་གྲྭ་ཁ་ཤས་ནས་སློབ་སྤྱི་རང་ཉིད་སྤྱི་འཐུས་སུ་ལང་ཆོག་ནའང་། དགེ་རྒན་སྲིད་སྐྱོང་དུ་ལངས་པས་ལས་གནས་ནས་ཕྱིར་འཕུད་བྱས་པའི་གནས་ཚུལ་ཡང་གོ་རྒྱུ་འདུག ཡང་སློབ་གྲྭ་ཁ་ཤས་ཀྱིས་ལས་བྱེད་སྤྱི་འཐུས་སུ་ལང་མི་ཆོག་པའི་རྒྱུ་མཚན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགུལ་དུ་ཞུགས་མི་ཆོག་པའི་སྒྲིག་གཞི་ལུང་དྲངས་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་དུ་ངོས་འཛིན་བྱས་པ་ནི་བརྡ་ལན་ཡག་པོ་ཞིག་གཏན་ནས་མ་རེད།
ད་ལྟའི་དུས་སུ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མང་གཙོའི་ལྟ་གྲུབ་དང་ལག་ལེན་དངོས་ཀྱི་ཐོག་ནས་བཤད་ན། འགལ་བ་ལྟག་སྤྲོད་ལྟ་བུར་འགྱུར་བཞིན་པའི་སྐབས་ཤིག་ཡིན་པ་དང་། བོད་ཀྱི་རྩ་དོན་དང་སྤྱི་པའི་སྒྲིག་འཛུགས་ལ་བསམ་བློ་བཏང་ནས་འོས་བསྡུའི་ནང་མཉམ་ཞུགས་བྱེེད་མཁན་དཀོན་དུ་སོང་ཡོད་ཚོད་འདུག རྩ་དོན་འཐབ་རྩོད་གཙོ་བོར་བཟུང་ནས་འོས་འདེམས་བྱེད་དགོས་པ་ལས། བཙན་བྱོལ་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཙམ་དང་། བཙན་བྱོལ་བོད་མི་ཁོ་ནའི་ཆེད་དུ་ཡིན་ན་འོས་བསྡུའི་ལས་དོན་གྱི་གལ་གནད་སོགས་ཕྱོགས་གང་ནས་བསམ་ཡང་གལ་གནད་ཆེན་པོ་དེ་ཙམ་མ་རེད། བོད་ཀྱི་བཙན་པོ་རིམ་བྱོན་ནས་དགའ་ལྡན་ཕོ་བྲང་བར་གྱི་ལོ་རྒྱུས་རྒྱུད་འཛིན་པ་དང་། བོད་ཀྱི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་ན་དེ་ལ་གཞིགས་པའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ནི་རང་བཞིན་གྱིས་གལ་གནད་ཆེན་པོ་ཞིག་ཏུ་མ་བརྩིས་ཀ་མེད་རེད། དེར་བརྟེན་ནང་ཁུལ་གྱི་བསམ་ཚུལ་མཐུན་མིན་ཙམ་གྱིས་འཐབ་རྩོད་ལ་འཐུས་ཤོར་བཏང་ན་གསབ་ཐབས་བྲལ་བའི་གྱོང་གུད་ཅིག་ཏུ་འགྱུར་ངེས།
རང་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་ལས་བྱེད་སོགས་རང་ངོས་ནས་སྣང་བ་དག་ཐག་ཆོད་ནས་ཐག་གཅོད་འདྲ་མིན་བྱེད་མི་རུང་བ་འདི་ཡང་གལ་གནད་ཆེན་པོར་གྱུར་ཡོད། དཔེར་ན་སྤྱི་འཐུས་ལྷན་ཚོགས་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཏུ་ངོས་འཛིན་བྱས་པ་དེ་ཕྱོགས་གཅིག་ནས་གནད་འགག་མེད་པ་ཞིག་ཏུ་མཐོང་སྲིད་ཀྱང་། དོན་དངོས་སུ་བཙན་བྱོལ་བོད་གཞུང་དང་མང་གཙོའི་ཀ་བ་གསུམ་དེ་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཡིན་པར་ངོས་འཛིན་ཡོང་བའི་ཐབས་ཤེས་གང་ཡོད་བྱེད་དགོས་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རང་སྐྱོང་སྒྲིག་འཛུགས་ཀྱིས་སྤྱི་འཐུས་ལྷན་ཚོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་དུ་ངོས་འཛིན་བྱས་པ་བཞིན། མ་འོངས་པར་ལམ་སྲོལ་འདི་ཁྱབ་བརྡལ་དུ་སོང་ན་གཞི་རྩའི་ཐོག་ནས་རེ་བ་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་ལས་མེད། དེར་བརྟེན་དོན་དག་ཆུང་ཙག་ཙམ་ལ་བརྟེན་ནས་ས་མཚམས་དང་མགོ་མཇུག་མེད་པའི་ཐག་གཅོད་དང་འགྲེལ་བཤད་བྱེད་ཐལ་མི་རུང་བ་ནི་ཧ་ཅང་གལ་ཆེན་པོ་རེད།
མདོར་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་ཚང་མར་གཅིག་མཚུངས་སུ་བལྟ་དགོས་པ་ལས། རྒྱབ་རྩ་ཡོད་མཁན་དང་། རང་ཉིད་ཀྱི་འདོད་ཕྱོགས་དང་མཐུན་མཁན་རྣམས་ལ་དམིགས་བསལ་དང་། རྒྱབ་རྩ་དང་གོ་དབང་མེད་མཁན་དག་ལ་ཐག་གཅོད་ག་རེ་ཡིན་ཡང་བྱེད་ཆོག་པ་ཞིག་མ་ཡིན་པར་མང་གཙོའི་སྤྱི་ཚོགས་ནང་འདྲ་མཉམ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། རང་སྐྱོང་སྡེ་ཚན་ཁག་ལ་མཚོན་ནའང་སྒྲིག་གཞི་དང་འཛིན་སྐྱོང་བཀོད་ཁྱབ་སོགས་འདྲ་མཉམ་ཞིག་ཡོང་ཐབས་དགོས་པ་ལས། གང་ཟག་ལ་བལྟས་ནས་ཁྲིམས་སྒྲིག་གཏན་འབེབས་བྱེད་པ་དང་། རྩ་འཛིན་བཀོད་ཁྱབ་གཏོང་བ་སོགས་མང་གཙོའི་ལམ་ལུགས་ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་ཉག་གཅིག་ཏུ་གྱུར་ཡོད། རྩ་དོན་འཐབ་རྩོད་ལ་གྲུབ་འབྲས་ཐོན་མིན་རྒྱ་གཞུང་ལ་འབྲེལ་བ་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཡ་རབས་བཟང་སྤྱོད་དང་མང་གཙོའི་གོམས་གཤིས་ཉམས་ཆག་ཏུ་མི་གཏོང་བ་ནི་རང་ལག་ཏུ་ཡོད་པས་ཚང་མས་ཐུགས་སྣང་དགོས་པ་གལ་ཆེན་པོར་གྱུར་ཡོད།།
