རྒྱ་ནག་གི་མི་འབོར་ལོ་བཞི་བསྟུད་མར་ཉུང་དུ་ཕྱིན་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག

སྐབས་གཅིག་རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་། ད་ཆར་རྒྱ་ནག་གི་མི་འབོར་མར་ཆག་ནས་ཨང་གཉིས་པ་དང་རྒྱ་གར་ཨང་དང་པོ་ཆགས་ཡོད། ཕྱི་ལོ་༢༠༢༥ ལོའི་མཇུག་བར་གྱི་རྒྱ་ནག་གི་མི་འབོར་གྱི་གྲངས་ཀ་ནི་ཐེར་འབུམ་༡.༤ ཡོད་པ་དང་། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མི་འབོར་ཡར་རྒྱས་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། དེ་ལས་ལྡོག་སྟེ་མི་འབོར་ས་ཡ་༣་༣༩ ཉུང་དུ་ཕྱིན་ཡིན་ཡོད་པ་བརྗོད་འདུག

པར། བྷི་བྷི་སི།

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། དེ་རིང་གཟའ་ཟླ་བའི་ཉིན་གཞུང་གི་གྲངས་ཐོ་ལས་གསལ་བ་ལྟར་ན། ཕྱི་ལོ་༢༠༢༥ ལོའི་ལོ་མཇུག་བར་རྒྱ་ནག་གི་མི་འབོར་ས་ཡ་༣.༣༩ མར་ཆག་སྟེ་ཁྱོན་མི་འབོར་ཐེར་འབུམ་༡.༤ ལ་སླེབས་ཡོད་པ་དང་། འདི་ནི་སྔ་ལོ་ལས་ཀྱང་ཉུང་དུ་འགྲོ་བའི་མགྱོགས་ཚད་དེ་མགྱོགས་སུ་ཕྱིན་ཡོད་པ་བརྗོད་འདུག དེ་བཞིན་ལོ་གཅིག་ནང་མི་༡༠༠༠ ནས་ཆ་སྙོམས་ཀྱི་མི་༥.༦༣ ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་ལས་ལྡོག་སྟེ་ལོ་གཅིག་ནང་མི་༡༠༠༠ ནས་༨.༠༤ གྲོངས་ཀྱི་ཡོད་འདུག་ཅིང་། ཕྱི་ལོ་༡༩༤༩ ལོར་དམར་ཤོག་ཚོགས་པ་ཐོག་མ་གསར་འཛུགས་སྐབས་ནས་ད་བར་གྱི་རྒྱ་ནག་གི་མི་འབོར་ཁྲོད་མི་གྲོངས་མཁན་གྲངས་ཀ་མཐོ་ཤོས་ཆགས་ཀྱི་ཡོད་འདུག
ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པར་དཀའ་ངལ་ཆེ་ཤོས་ནི་དཔལ་འབྱོར་ཡར་རྒྱས་འགྲོ་མི་ཐུབ་པ་དང་། རྒན་འཁོགས་གྲངས་ཀ་མང་པོ་ཞིག་ཆགས་ནས་སྤྱི་ཚོགས་ནང་ལས་ཀ་བྱེད་ཐུབ་མཁན་གྱི་མི་འབོར་གྱི་གྲངས་ཀ་དེ་ཉུང་དུ་ཕྱིན་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག་ལ། གཞོན་སྐྱེས་ཁྲོད་གཉེན་སྒྲིག་བྱེད་མཁན་མེད་པ་དང་། ཡོད་ཀྱང་སྔར་དང་བསྡུར་ན་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་ཡིན་འདུག
ད་ལྟ་རྒྱ་ནག་ལ་མི་འབོར་གྱི་དཀའ་ངལ་ཡོང་དོན་ནི་གཙོ་བོ་རྒྱ་ནག་གིས་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ཤིག་ལག་བསྟར་ཡུན་རིང་བྱས་པའི་རྐྱེན་གྱིས་ད་ཆར་མཇུག་འབྲས་ངན་པ་ཞིག་ཡོང་གི་ཡོད་འདུག་ལ། སྲིད་བྱུས་དེ་ཕྱི་ལོ་༢༠༡༦ ལོར་མེད་པ་བཟོས་ནས་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་ཤིག་གསར་བཟོས་བྱས་ཡོད་འདུག་ཀྱང་། གྲུབ་འབྲས་མ་ཐོན་པས་ཕྱི་ལོ་༢༠༢༡ ལོར་བྱིས་པ་གསུམ་རེ་སྐྱེ་ཆོག་པའི་ཆོག་མཆན་སྤྲད་ཀྱང་། ད་དུང་ལོ་བསྟུད་མར་ཉུང་དུ་འགྲོ་བཞིན་ཡོད་འདུག ཉེ་ཆར་རྒྱ་ནག་གཞུང་གིས་མི་འབོར་འཕེལ་རྒྱས་ཡོང་ཐབས་ཆེད་བཟའ་ཚང་གཉིས་ལ་བྱིས་པ་རེ་སྐྱེས་ཚེ་ལོ་གསུམ་མན་ལ་ལོ་རེ་རྒྱ་སྒོར་༣༦༠༠ རེ་སྤྲོད་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད་འདུག་ཅིང་། དེ་བཞིན་ཞིང་ཆེན་འགའ་ཤས་ནང་ཨ་མ་ལ་གུང་སེང་དུས་ཡུན་རིང་དུ་བཏང་ཡོད་པ་དང་། བྱིས་པར་རྒྱ་སྒོར་༣༦༠༠ ལས་མང་བ་སྤྲོད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ཐོག་ནས་མི་འབོར་འཕེལ་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད་འདུག་ཀྱང་། ད་དུང་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག ད་ལྟ་རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་སྐྱེས་གྲངས་ཉུང་ཤོས་གྲས་ཀྱི་རྒྱལ་ཁབ་དེ་ཡིན་འདུག་ལ། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་། ཐའེ་ཝན། སེང་ག་པུར་བཅས་རྣམས་ཀྱང་མི་འབོར་སྐྱེས་གྲངས་ཧ་ཅང་ཉུང་ཉུང་ཡིན་འདུག
རྒྱ་ནག་ནི་འཛམ་གླིང་ནང་བྱིས་པ་གསོ་སྐྱོང་བྱེད་པར་འགྲོ་གྲོན་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་པེ་ཅིན་ནང་ཡོད་པའི་ཉམས་ཞིབ་ཁང་ (the YuWa Population Research Institute) ཞེས་པ་ཞིག་གིས་བརྗོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་མི་འབོར་སྐོར་གྱི་མཁས་པ་ཚོས་བརྗོད་དོན་ལ། ཕྱི་ལོ་༢༡༠༠ སླེབས་དུས་རྒྱ་ནག་གི་མི་འབོར་དེ་ད་ལྟའི་ཕྱེད་ཀ་ཆགས་ཀྱི་རེད་ཅེས་བརྗོད་འདུག་ལ། དེ་ལ་བརྟེན་ནས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གང་ཅིའི་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།