ཊོམ་གྱིས་ཡུ་རོབ་ལ་གྷི་རི་ལན་ཌི་ ཨ་རི་ལ་སྤྲོད་དགོས་པའི་འཇིགས་སྐུལ།


སྲིད་འཛིན་ཊོམ་གྱིས་ད་ལྟ་ཡུ་རོབ་ནང་ཡོད་པའི་ཌེན་མག་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ས་ཆ་གྷི་རི་ལན་ཌི་དེ་ཨ་རིའི་བདེ་སྲུང་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པས། ཌེན་མག་གིས་ཨ་རི་ལ་སྤྲོད་དགོས་ཚུལ་གྱི་གླེང་སློང་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེར་བརྟེན་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་དེ་ནི་ཌེན་མག་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ས་ཆ་ཞིག་ཡིན་པས། ཨ་རིས་བཙན་འཕྲོག་བྱས་ན་མི་འགྲིགས་ཚུལ་བརྗོད་ནས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་དམག་མི་གྷི་རི་ལན་ཌི་ལ་བཏང་ཡོད་འདུག

པར། བྷི་བྷི་སི།

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༠ ཉིན་བྷི་བྷི་སི་(BBC)གསར་ཁང་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་གྷི་རི་ལན་ཌི་ས་ཆ་དེ་དམག་དོན་ཐབས་བྱུས་ཐོག་ནས་གལ་ཆེན་པོ་ཞིག་དང་། ཨ་རིའི་བདེ་འཇགས་སྲུང་སྐྱོབ་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པས། གྷི་རི་ལན་ཌི་ས་ཆ་དེ་ཨ་རི་ལ་ངེས་པར་དགོས་ཀྱི་ཡོད་ཚུལ་དེ་སྔོན་ནས་གླེང་སློང་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་སྲིད་འཛིན་ཊོམ་གྱིས་ས་ཆ་དེ་ཨ་རི་ལ་མ་སྤྲད་ཚེ་དྲག་པོའི་དམག་གཏོང་དགོས་ནའང་གཏོང་རྒྱུ་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག་ཀྱང་། ཡུ་རོབ་ཀྱི་རྒྱལ་ཁབ་བདུན་གྱིས་ཨ་རིས་གྷི་རི་ལན་ཌི་བཙན་བཟུང་བྱས་ཚེ་བྱང་ཆིངས་སྒྲིག་འཛུགས་ (NATO) ཁ་འཐོར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་བརྗོད་འདུག རྒྱུ་མཚན་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་རྩ་འཛིན་ཡིག་ཆའི་ནང་རྒྱལ་ཁབ་ཅིག་གིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཅིག་གི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་བརྩམ་ཚེ་དེ་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ཚང་མ་ལ་གནོད་སྐྱོན་བཏང་བ་དང་གཅིག་མཚུངས་ཡིན་པས། ཚོགས་མི་རྒྱལ་ཁབ་ཚང་མས་ཁ་གཏད་གཅོད་དགོས་པ་བརྗོད་ཡོད་འདུག
ཌེན་མག་ཕྱི་སྲིད་བློན་ཆེན་གྱིས་ཨ་རིས་ཌེན་མག་ལ་འཇིགས་སྐུལ་བྱས་ནས་ནམ་ཡང་གྷི་རི་ལན་ཌི་ཐོབ་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག དེ་བཞིན་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེས་དབྱིན་ཡུལ་གྱི་ལངས་ཕྱོགས་ནི་གྷི་རི་ལན་ཌི་དེ་ནམ་ཡང་ཌེན་མག་རྒྱལ་ཁབ་ཀྱི་ཡིན་པ་ལས་ཨ་རི་ལ་དབང་གི་མེད་པའི་ལངས་ཕྱོགས་དེ་བརྟན་པོ་ཡིན་པ་བརྗོད་འདུག
ཁ་སང་གཟའ་ཟླ་བའི་ཉིན་སྲིད་འཛིན་ཊོམ་གྱིས་དམིགས་བསལ་ ཡུ་རོབ་རྒྱལ་ཁབ་བདུན་པོ་དེ་དག་ལ་སྒོ་ཁྲལ་འགེལ་རྒྱུ་ཡིན་པ་བརྗོད་འདུག (NBC) གསར་ཁང་གིས་སྲིད་འཛིན་ཊོམ་ལ་ཐད་ཀར་དྲིས་ནས་ཁྱེད་ཀྱིས་དྲག་པོའི་དམག་གཏོང་རྒྱུ་ཡིན་ནམ་ཞེས་འདྲི་དུས་ཊོམ་གྱིས་ལན་གང་ཡང་མེད་ཅེས་བརྗོད་ཡོད་འདུག འོན་ཀྱང་། ཊོམ་ནས་ཕྱི་ཟླ་༢ ཚེས་༡ ཉིན་དབྱིན་ཡུལ་དང་། ཌེན་མག ནོར་ཝེ། སི་ཝེ་ཌན། ཧྥ་རན་སི། འཇར་མན། ནེ་ཐར་ལན་ཌི། ཧྥིན་ལན་ཌི་བཅས་ལ་སྒོ་ཁྲལ་བརྒྱ་ཆ་༡༠ འགེལ་རྒྱུ་དང་། ཕྱི་ཟླ་༦ ཚེས་༡ ནས་བརྒྱ་ཆ་༢༥ འགེལ་རྒྱུའི་ཉེན་བརྡ་བཏང་འདུག་ལ། གལ་སྲིད་གྷི་རི་ལན་ཌི་ཨ་རི་ལ་མ་ཐོབ་ཚེ་སྒོ་ཁྲལ་བརྒྱ་ཆ་༡༠༠ བར་སྤར་དགོས་ཀྱང་སྤར་རྒྱུ་ཡིན་པ་བརྗོད་འདུག སྲིད་འཛིན་ཊོམ་གྱིས་ཡུ་རོབ་ངོས་ནས་ད་ལྟ་ཡུ་རོབ་ལ་ཉེན་ཁ་འབྱུང་བཞིན་པའི་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ལ་དོ་སྣང་བྱེད་དགོས་པ་ལས་གྷི་རི་ལན་ཌི་ལ་དོ་སྣང་བྱེད་དགོས་དོན་ཡོད་མ་རེད་ཅེས་བརྗོད་འདུག
བདུན་ཕྲག་སྔོན་མ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་དམག་མི་གྷི་རི་ལན་ཌིའི་ནང་བཏང་ཡོད་པ་བརྗོད་འདུག ཌེན་མག་གི་ཕྱི་སྲིད་བློན་ཆེན་ (Lars Løkke Rasmussen) གྱིས་སྒོ་ཁྲལ་བཀལ་ནས་གནད་དོན་ཐག་གཅོད་ཐུབ་ཀྱི་མ་རེད་ལ། ཨ་རིའི་ངོས་ནས་ཚོད་འཛིན་བྱས་ནས་ཐིག་དམར་པོ་ལས་བརྒལ་ན་ཡག་པོ་མེད་ཅེས་བརྗོད་ཡོད་འདུག དེ་བཞིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེན་ (Mark Rutte) གྱིས་བྱང་ཆིངས་སྒྲིག་འཛུགས་ངོས་ནས་ཌེན་མག་རྒྱལ་ཁབ་ཀྱི་ས་ཁུལ་གྷི་རི་ལན་ཌི་སྲུང་སྐྱོབ་ཆེད་དུ་མ་འོངས་པར་མུ་མཐུད་ནས་ལས་ཀ་བྱེད་རྒྱུ་ཡིན་པ་བརྗོད་འདུག
དེ་རིང་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོ་ཛ་དྲག་ཐོག་ནས་སྦར་སིལ་(Brussels)ལ་འདུ་འཛོམས་བྱས་ནས་ཚོགས་འདུ་འཚོགས་ཡོད་པ་དང་། ཚོགས་འདུ་ཐོག་ཏུ་ཨ་རིའི་སྲིད་འཛིན་ཊོམ་ལ་ཡ་ལན་གང་འདྲ་བྱེད་དགོས་མིན་ཐད་གྲོས་བསྡུར་བྱས་ཡོད་ཀྱང་། གྲོས་བསྡུར་གྱི་གྲུབ་འབྲས་གང་བྱུང་གསལ་བཤད་བྱས་མི་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།