ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པའི་གནས་རིམ་གྱིས་ཅི་ཞིག་མཚོན་ནམ།

ཉེ་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་ཡོད་པའི་གནས་ཚུལ་ཁག་ཅིག་ཐོན་ཡོད་ན་ཡང་། རྒྱུན་ལྡན་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་སོགས་ཀྱི་དྲ་ཐོག་ཏུ་དེ་འབྲེལ་གནས་ཚུལ་གང་ཡང་ཐོན་མེད་པ་མ་ཟད། གནས་ཚུལ་རེ་འགའ་ཐོན་ཡོད་ན་ཡང་། ག་དུས་བསྐོད་ཡོད་མེད་སོགས་ཀྱི་ཁུངས་གསལ་པོ་མེད་པར་བརྟེན། འདི་གར་གསར་འགོད་པས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་དྲི་བ་དྲིས་པར། ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡༠ ཉིན། ཕྱི་སྲིད་ལས་ཁུངས་ནས་ཕྱི་སྲིད་དྲུང་ཆེ་རུ་བྷེ་མཆོག་གིས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་དྲུང་ཆེ་ལས་རོགས་རཱ་ལི་བྷར་ནེ་སི་༼Riley Barnes༽  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་གཅིག་ལྕོགས་བཞེས་རྒྱུའི་བསྐོ་གཞག་གནང་ཡོད་ཅེས་དང་།

ཨ་རི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་དམ་བཅའ་བརྟན་པོ་ཡོད་པ་མ་ཟད། བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཤུལ་བཞག་བཅས་སྲུང་སྐྱོབ་བྱེད་པའི་ནུས་པ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོབ་བྱེད་ཀྱི་ཡོད། དེ་བཞིན་བོད་མི་ཚོས་གཞན་གྱི་ཐེ་གཏོགས་མེད་པའི་སྒོ་ནས་རང་ཉིད་ཀྱི་ཆོས་ལུགས་དབུ་ཁྲིད་རྣམས་རང་དབང་གིས་འདེམས་སྒྲུག་དང་དད་གུས་ཞུ་བའི་ནུས་པ་དེར་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ལན་འདེབས་གནང་བྱུང་།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་ར་ལི་བྷར་ནེ་སི་ལགས་ནི་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་གྱི་དཔོན་རིགས་ཤིག་ཡིན་ཞིང་། ཁོང་གིས་སྔོན་མ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་སྲིད་བྱུས་འཆར་འགོད་དང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གི་གནད་དོན་ཐོག་ཕྱག་ལས་མང་པོ་གནང་མྱོང་ཡོད་འདུག ཁོང་ནི་འཛམ་གླིང་ནང་གི་ཆོས་ལུགས་རང་དབང་སྲུང་སྐྱོབ་བྱེད་རྒྱུའི་ཐད་ནུས་པ་ཆེན་པོ་འདོན་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་སྲིད་གཞུང་གིས་ཆོས་ལུགས་ལ་དྲག་གནོན་བྱེད་པའི་གནད་དོན་ཐོག་གཏམ་བཤད་དང་ལས་དོན་མང་པོ་སྤེལ་མྱོང་ཡོད་འདུག 

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཅེས་པའི་ནང་། ཕྱི་སྲིད་དྲུང་ཆེས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པ་དང་། དམིགས་བསལ་འབྲེལ་མཐུད་པ་དེ་ཉིད་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་༼Under Secretary༽ སམ་དེ་ལས་མཐོ་བའི་གོ་གནས་འཛིན་མཁན་ཞིག་ཡིན་དགོས་ཞེས་འཁོད་ཡོད། དྲུང་ཆེ་ལས་རོགས་༼Under Secretary༽ ནི་ཕྱི་སྲིད་དྲུང་ཆེ་དང་དྲུང་ཆེ་གཞོན་པ་གཉིས་ཀྱི་འོག་གོ་གནས་མཐོ་ཤོས་དེ་ཡིན་ཡང་། ད་ལོ་ལས་གནས་དེ་གནས་རིམ་དམའ་བ་༼Assistant Secretary༽ འཛིན་མཁན་ཞིག་ལ་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པའི་ལས་འགན་དེ་སྤྲད་ཡོད་འདུག

གོ་གནས་ཀྱི་ཁྱད་པར་དང་དཔྱད་ཞིབ། 

ཁྲིམས་ཡིག་ནང་གསལ་བ་ལྟར་མ་ཡིན་པ། གནས་རིམ་དམའ་བ་ཞིག་བསྐོས་པ་དེས་བོད་དོན་དེ་ཨ་རིའི་ཕྱིད་ཀྱི་གལ་གནད་དང་པོའི་གྲས་སུ་བཞག་མེད་པའི་རྣམ་པ་ཞིག་སྟོན་བཞིན་ཡོད་སྲིད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་། རྒྱུན་ལྡན་དྲུང་ལས་༼Under Secretary༽  ཞིག་བསྐོ་གཞག་བྱེད་པར་ཨ་རིའི་གྲོས་ཚོགས་གོང་མའི་༼Senate༽ ཆོག་མཆན་དགོས་པ་དང་། བསྐོ་གཞག་བྱེད་པར་དུས་ཚོད་རིང་པོ་འགོར་གྱི་ཡོད་པ་མ་ཟད། ད་ལྟའི་རཱ་ལི་བྷར་ནེ་སི་ནི་༼Assistant Secretary༽  ཨ་རིའི་ཕྱི་སྲིད་དྲུང་ཆེ་ མཱར་ཁོ་རུ་བྷེ་ཨོ་ (Marco Rubio) ཡིས་ཐད་ཀར་བསྐོ་གཞག་གནང་ཆོག་པས། འདིས་ཨ་རིའི་གཞུང་གསར་པས་བོད་དོན་ལས་ཀ་འགོ་འཛུགས་རྒྱུར་དུས་ཚོད་འགྱངས་འདོད་མེད་པ་མཚོན་སྲིད་པ་ཡིན་འདུག   

གསར་དུ་བསྐོ་གཞག་བྱས་པའི་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པའི་གོ་གནས་ཀྱི་རིམ་པ་ཅུང་དམའ་བ་ལྟར་སྣང་ཡང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་དང་བོད་ལ་ཤ་ཚ་ཡོད་མཁན་ཕྱི་སྲིད་དྲུང་ཆེ་རུ་བྷེ་མཆོག་གི་ཡིད་ཆེས་ཡོད་པའི་མི་སྣ་ཞིག་ཡིན་པས། ལག་ལེན་གྱི་ཐོག་ནས་བོད་དོན་སྲིད་བྱུས་ལ་ནུས་པ་ཆེན་པོ་ཐོན་སྲིད། 

བོད་དོན་འབྲེལ་མཐུད་པའི་བྱུང་རིམ་དང་དམིགས་ཡུལ།

རྩ་བས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི། ཕྱི་ལོ་༡༩༩༧ ལོར་སྲིད་འཛིན་ཁལིན་ཊོན་༼Bill Clinton༽ གྱི་སྐབས་སུ་ཐོག་མར་བསྐོ་གཞག་གནང་ཡོད་པ་དང་། ཕྱི་ལོ་༢༠༠༢ ལོའི་བོད་དོན་སྲིད་བྱུས་ཁྲིམས་ཡིག་༼Tibetan Policy Act༽ བརྒྱུད་ནས་འབྲེལ་མཐུད་པ་འདི་ངེས་པར་དུ་བསྐོ་དགོས་པའི་ཁྲིམས་ཀྱི་ཆ་རྐྱེན་བཟོས་ཡོད་འདུག།

བོད་དོན་དམིགས་བསལ་འབྲེལ་མཐུད་པའི་འོས་འགན་གཙོ་བོ་ནི། ༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་བར་དུ་དོན་ཕན་ལྡན་པའི་གྲོས་མོལ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ལྟ་ཞིབ་དང་། ཆོས་ལུགས་རང་དབང་གོང་འཕེལ་གཏོང་རྒྱུར་རོགས་འདེགས་བྱེད་རྒྱུ། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེར་བོད་དོན་ཐོག་ལམ་སྟོན་གནང་རྒྱུ་དང་། ལོ་ལྟར་ཨ་རིའི་གྲོས་ཚོགས་ལ་བོད་ནང་གི་གནས་སྟངས་སྐོར་སྙན་ཐོ་འབུལ་རྒྱུ་སོགས་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།