ཀ་ཐ་མན་ཀྲུ་གྲོང་ཁྱེར་སྤྱི་ཁྱབ་པ་ཟུར་པ་བལ་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་འདུག
བལ་ཡུལ་རྒྱལ་ཁབ་ཏུ་ཉེ་ཆར་རྒྱལ་ཡོངས་འོས་བསྡུ་བྱས་ཟིན་པ་དང་། ད་ཆ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའི་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་སྲིད་བློན་གསར་པ་ཆགས་རྒྱུ་ཡོངས་སུ་བསྒྲགས་ཟིན་ཡོད་ཅིང་། ཁོང་ནི་བལ་ཡུལ་གྱི་གཞོན་སྐྱེས་ཁྲོད་དགའ་མོས་ཆེ་བའི་རང་ལོ་༣༥ ཅན་གྱི་འགོ་ཁྲིད་ཅིག་ཡིན་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༩ ཉིན། (The Kathmandu Post) དང་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གཞན་དག་གིས་གནས་ཚུལ་སྤེལ་དོན་ལྟར་ན། བལ་ཡུལ་ནང་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་། སྲིད་གཞུང་བརྟན་པོ་མེད་པ་དང་། འགོ་ཁྲིད་ཁྲོད་ལྐོག་ཟ་རུལ་སུངས་ཕོན་ཆེ་ཁྱབ་པས། མི་མང་དཀྱུས་མའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ། གཞོན་སྐྱེས་ཚོ་ལ་གཞུང་གིས་ལས་ཀ་གསར་སྐྲུན་མི་ཐུབ་པ། སྲིད་གཞུང་ཡང་ཡང་བརྗེ་ལེན་བྱས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པའི་རྐྱེན་གྱིས། ན་ནིང་བལ་ཡུལ་གྱི་རྫོང་ཁག་མང་པོའི་ནང་གཞོན་སྐྱེས་ཚོས་ངོ་རྒོལ་རྒྱ་ཆེ་བྱས་ཏེ། མཐར་གཞོན་སྐྱེས་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་དང་། གྲོས་ཚོགས་མེར་བསྲེགས་པ། སྲིད་བློན་གོ་གནས་ནས་ཕྱིར་འཕུད་བཏང་བ་སོགས་གསར་བརྗེའི་རང་བཞིན་གྱི་གནས་སྟངས་བྱུང་ཡོད། དེའི་རྗེས། བལ་ཡུལ་ནང་དུས་རྒྱུན་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་བུད་མེད་ཁྲིམས་རྩོད་པ་སུ་ཤི་ལ་ཀར་ཀི་(SUSHILA KARKI) ཞེས་པ་ཁོང་གིས། ད་བར་བར་བརྒལ་གཞུང་གི་སྲིད་དབང་བཟུང་ནས་བསྡད་ཡོད་པ་ལས། སྲིད་གཞུང་གསར་པ་འོས་བསྡུ་བྱས་མེད། ད་ཆ་ཟླ་བ་དྲུག་གི་རྗེས་སུ། བལ་ཡུལ་གཞུང་གིས་འོས་བསྡུའི་ལམ་ནས་སྲིད་གཞུང་གསར་པ་ཞིག་ཡོང་ཐབས་བྱེད་བཞིན་པ་ལྟར། ཉེ་ཆར་གྱི་འོས་བསྡུའི་ཁྲོད། བལ་ཡུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་༢༧༥ ལས། འོས་མི་བྱེད་བྲག་པ་ཐད་ཀ་འོས་བསྡུ་ཁྲོད་ཀ་ཐ་མ་ཀྲུའི་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་བྷ་ལེན་དྲ་ཤཱ་ (Balendra Shah) ཁོང་གི་རྒྱལ་ཡོངས་རང་བཙན་སྲིད་དོན་ཚོགས་པའི(The Rastriya Swatantra Party – RSP)འོས་མི་༡༢༤ ད་བར་རྒྱལ་ཁ་ཐོབ་ཡོད་འདུག
བལ་ཡུལ་ཀོང་རེ་སི་(Congress)ཚོགས་པར་ཞབས་སྟེགས་གྲངས་༡༧ ཐོབ་ཡོད་པ་དང་། བལ་ཡུལ་དམར་ཤོག་ཚོགས་པར་ཞབས་སྟེགས་བདུན། སྲིད་དོན་ཚོགས་པ་ཆུང་གྲས་གཞན་འགའ་ཤས་ལ་ཞབས་སྟེགས་གསུམ་དང་གཅིག་ཐོབ་པ་འགའ་ཤས་ཡོད་འདུག བལ་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་ཁྱོན་ཞབས་སྟེགས་༢༧༥ ཡོད་པ་དང་།ཞབས་སྟེགས་༢༧༥ དེ་ཁག་གཉིས་སུ་བགོས་ཏེ། ཞབས་སྟེགས་༡༦༥ ཅན་ཞིག་དང་། ཞབས་སྟེགས་༡༡༠ ཅན་གྱི་འོས་འདེམས་བྱེད་སྟངས་ལམ་ལུགས་གཉིས་ཡོད། དང་པོ་ཞབས་སྟེགས་༡༦༥ ཅན་དེ་མི་མང་གིས་འོས་མི་བྱེ་བྲག་པར་བལྟས་ནས་འོས་བླུག་དགོས་པ་དང་། གལ་སྲིད་འོས་མི་དེར་མི་མང་གིས་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་ཚེ། ཐད་ཀར་གྲོས་ཚོགས་འཐུས་མིར་འགྱུར་གྱི་ཡོད། མི་མང་གིས་ཐད་ཀར་འོས་མི་འདེམས་པའི་ཁྲོད། (RSP)སྲིད་དོན་ཚོགས་པར་ཁྱོན་ཞབས་སྟེགས་༡༢༤ དང་།
ལམ་ལུགས་གཉིས་པ་ནི་སྲིད་དོན་ཚོགས་པ་བྱེ་བྲག་པར་མི་མང་གིས་འོས་བླུག་དགོས་པ་ལས་འོས་མི་ལ་འོས་བླུག་རྒྱུ་མེད་པས། ལམ་ལུགས་དེའི་ཁྲོད་(RSP )སྲིད་དོན་ཚོགས་པར་གདན་ཐོབ་༡༡༠ ནས་༥༨ ཐོབ་ཡོད་འདུག དེ་གཉིས་བསྡོམས་ན་(RSP )སྲིད་དོན་ཚོགས་པར་ཁྱོན་ཞབས་སྟེགས་(༡༨༢ )ཐོབ་ཡོད་འདུག་པས། ཕྱི་ལོ་༢༠༠༠ ཙམ་ནས་ད་བར། སྲིད་དོན་ཚོགས་པ་བྱེ་བྲག་པ་ཞིག་གིས་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ནས་སྲིད་དབང་བསྐྱངས་མཁན་བྱུང་མི་འདུག དེ་ལས་ལྡོག་སྟེ། སྲིད་དོན་ཚོགས་པ་གསུམ་མམ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་སྲིད་གཞུང་སྐྱོང་དགོས་པ་བྱུང་བའི་རྐྱེན་གྱིས། བལ་ཡུལ་ནང་སྲིད་གཞུང་བརྟན་པོ་ཞིག་ཡོང་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་བརྟེན། (RSP )སྲིད་དོན་ཚོགས་པ་དེ་བལ་ཡུལ་ནང་ལོ་བཅུ་ཕྲག་འགས་ཤས་རྗེས་སུ་སྲིད་དོན་ཚོགས་པ་བྱེ་བྲག་པ་གཅིག་གིས་སྲིད་དབང་བཟུང་བ་ཐེངས་དང་པོ་དང་། ཁོང་ནི་བལ་ཡུལ་གྱི་ལོ་རྒྱུས་ཁྲོད་ནས་སྲིད་བློན་ལོ་ན་ཆུང་ཤས་དེ་ཆགས་ཀྱི་ཡོད་འདུག་ལ། སྲིད་དོན་ཚོགས་པ་དེ་ཡང་༢༠༢༣ ལོར་གསར་དུ་བཙུགས་པ་ཞིག་ཡིན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
