རྒྱ་གཞུང་གི་ཉེན་རྟོག་པས་བོད་ཀྱི་གྲྭ་པ་ཞིག་ལ་མནར་གཅོད་བཏང་སྟེ་བཙོན་ཁང་ནང་བཀྲོངས་འདུག
རྒྱ་ནག་གི་ཉེན་རྟོག་པས་བོད་ཀྱི་གྲྭ་པ་ཞིག་ལ་མནར་གཅོད་ཚད་མེད་བཏང་སྟེ་བཙོན་ཁང་དུ་བཀྲོངས་ཡོད་འདུག་ཅིང་། ཁོང་གི་ཕུང་པོ་དགོན་པར་རྩིས་སྤྲོད་བྱེད་སྐབས་གནས་ཚུལ་གང་ཡང་ཕྱིར་བསྒྲགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག ཁོང་གི་འཆི་རྐྱེན་ནི་བོད་ཀྱི་དགོན་སྡེ་ཁག་ལ་དམིགས་པའི་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་ཀྱི་མཚོན་རྟགས་ཤིག་ཡིན་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༧ ཉིན་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༡༢ ནང་། བོད་ཨ་མདོ་མཚོ་ཤར་ཁུལ་ཉེན་རྟོག་པས་རང་ལོ་༢༥ ལ་སོན་པའི་གྲྭ་བསམ་གཏན་གྱི་ཕུང་པོ་དྷི་ཚ་དགོན་པར་རྩིས་སྤྲོད་བྱས་ཡོད་འདུག་ཅིང་། ཉེན་རྟོག་པས་ཁོང་གློ་བུར་དུ་ན་ཚ་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡང་སྐྱོབ་མ་ཐུབ་པར་ཤི་བ་རེད་ཅེས་བརྗོད་ཡོད་ནའང་། སྨན་ཁང་གང་ཡིན་པ་དང་ཁོང་ནམ་ཞིག་ལ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་གསལ་པོ་བཤད་ཡོད་མི་འདུག
གྲྭ་པ་བསམ་གཏན་ནི་ཕྱི་ལོ་༢༠༢༡ ལོ་ནས་བཟུང་རྒྱ་གཞུང་ཉེན་རྟོག་པའི་སོ་ལྟའི་འོག་ཡོད་པ་དང་། སྐབས་དེར་ཁོང་གིས་སྐད་འཕྲིན་ (WeChat) བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་གནས་ཚུལ་དང་པར་རིས་བཀྲམ་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག གྲྭ་བསམ་གཏན་འཛིན་བཟུང་བྱས་པའི་ལོ་དེར་ཁོང་གི་དགོན་པར་ཡང་དམ་དྲག་ཤུགས་ཆེ་བྱས་ཡོད་པ་སྟེ། ཕྱི་ལོ་༢༠༢༡ ཟླ་༡༠ པའི་ནང་། ཨ་མདོ་མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་དཔའ་ལུང་རྫོང་དུ་ཡོད་པའི་དྷི་ཚ་དགོན་པ་ནས་ལོ་༡༨ མ་ལོན་པའི་གྲྭ་པ་༥༠ དང་། བྱ་ཁྱུང་དགོན་པ་ནས་གྲྭ་པ་༣༠ བཅས་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་ཡོད་འདུག
གྲྭ་བསམ་གཏན་གྱི་འཆི་རྐྱེན་ནི་ན་ནིང་༸གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་ཉེ་བའི་མཚམས་སུ། བོད་ཀྱི་ཆོས་ལུགས་ཁག་དང་བླ་སྤྲུལ་རྣམས་ལ་དམིགས་པའི་ལྟ་ཞིབ་དང་དྲག་གནོན་གྱི་ལས་འགུལ་ཤུགས་ཆེ་རུ་བཏང་བའི་ཁྲོད་བྱུང་བ་ཞིག་ཡིན་འདུག ལས་འགུལ་དེའི་ནང་བོད་ནང་བླ་ཆེན་ཁག་གར་སོང་ཆ་མེད་དུ་གྱུར་པ་དང་། དགོན་པ་ཁག་ཏུ་དག་བཤེར་བྱས་ཏེ་༸གོང་ས་མཆོག་དང་བཙན་བྱོལ་ནང་གི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཀྱི་སྐུ་པར་གཞུང་བཞེས་བྱས་པ་སོགས་ཚུད་བྱུང་ཡོད་འདུག ཐ་ན་ཆབ་སྲིད་སློབ་གསོའི་བཙན་བཀའི་འོག་༸གོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་པའི་གནོན་ཤུགས་མ་བཟོད་པར་མཁས་དབང་ཞིག་གིས་རང་སྲོག་བཅད་པའི་གནས་ཚུལ་ཡང་ཐོན་ཡོད་འདུག
གནང་སྟངས་དེ་དག་ནི་ཞི་ཅིན་ཕིང་གིས་ལག་བསྟར་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་(Sinicization)དུ་བསྒྱུར་བའི་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་འདུག་པ་དང་། དེས་བོད་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་ངོ་བོ་རྒྱ་རིགས་དང་གཅིག་གྱུར་བཟོ་ཐབས་བྱེད་ཀྱི་ཡོད་པ་བརྗོད་འདུག དེའི་ཁོངས་སུ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཡིག་ནི་སྐད་ཡིག་གི་སློབ་ཚན་ཙམ་དུ་བཞག་པ་དང་། བྱིས་པ་རྣམས་དགོན་པར་ཞུགས་ཏེ་སྲོལ་རྒྱུན་སློབ་གསོ་མྱོང་བར་བཀག་སྡོམ་བྱེད་བཞིན་ཡོད་འདུག
བོད་ཡིག་གི་སློབ་གསོ་མེད་པའི་དབང་གིས་དཔའ་ལུང་རྫོང་གི་གཙུག་ལག་སློབ་མས་དགོན་པ་ཁག་ཏུ་བོད་ཡིག་ཟུར་ཁྲིད་བྱས་ཡོད་ཀྱང་། ཕྱི་ལོ་༢༠༢༡ ལོ་ནས་བཟུང་རྒྱ་ནག་གིས་འགན་ཁུར་གཉིས་གཅོག་(Double Reduction policy) ཟེར་བའི་སྲིད་ཇུས་འོག་དེ་དག་བཀག་སྡོམ་བྱས་ཡོད་འདུག སྲིད་ཇུས་དེའི་མིང་ཐོག་ནས་སློབ་མའི་ལས་བྱ་དང་སློབ་གྲྭ་ཕྱིར་ཕྱོགས་སུ་ཟུར་ཁྲིད་ཀྱི་གནོན་ཤུགས་གཅོག་རྒྱུ་ཡིན་ཟེར་ཡང་། དོན་དངོས་སུ་བོད་ཡིག་སློབ་སྦྱོང་ལ་འགོག་རྐྱེན་བཟོས་ཡོད་འདུག
དྷཱི་ཚ་བཀྲ་ཤིས་ཆོས་སྡིང་གླིང་ནི་ཕྱི་ལོ་༡༩༠༣ ལོར་ཕྱག་བཏབ་པ་དང་། དགེ་ལུགས་པའི་དགོན་པ་ཞིག་ཡིན་འདུག དགོན་པ་དེ་དུས་རབས་༢༠ པ་ནས་བཟུང་བོད་ཀྱི་སྐད་ཡིག་སློབ་གསོའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་འདུག་ཅིང་། དགོན་པ་དེའི་གྲྭ་པ་རྣམས་ནི་དེང་རབས་བོད་ཡིག་སློབ་དེབ་ཀྱི་ཤིང་པར་སྔ་ཤོས་ཤིག་བརྐོས་མཁན་དང་། རྒྱ་གར་ནས་ཕྱིར་ཕེབས་པའི་རྐང་ཚ་དགོན་པའི་གྲྭ་པ་ཞིག་གིས་ཕྱི་ལོ་༢༠༠༩ ལོར་བཙུགས་པའི་བོད་ཡིག་སྲུང་སྐྱོབ་ཚོགས་པའི་ཁོངས་མི་ཡང་ཡིན་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
