བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་ཀྱི་བཀོལ་སྤྱོད་ལམ་སྟོན་དང་སྒྲིག་གཞི་གཏན་འབེབས།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༦ ཉིན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་པའི་ཐོག བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་བཅས་བརྗོད་པ་གཉིས་པའི་ཐོག་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

དེ་རིང་གཏན་འབེབས་གནང་བའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པའི་ནང་། རྒྱལ་དར་སྒྲེང་འཛུགས་བྱེད་ཕྱོགས་དང་འབྲེལ། བོད་མིའི་སྒྲིག་འཛུགས་མ་ལག་དང་གཞུང་ཁོངས་མིན་པའི་ཚོགས་སྡེ། སློབ་གྲྭ། ཚོགས་སྒེར་སུ་རུང་ནས་སྒྲིག་གཞི་འདི་གཞིར་བཟུང་བོད་ཀྱི་རྒྱལ་དར་ལ་གུས་བརྩི་ཆེ་མཐོང་ལྡན་པའི་སྒོ་ནས་བཟོ་སྐྲུན་དང་། བཀོལ་སྤྱོད་བྱེད་ཆོག བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས་ཆེ་མཐོང་དང་མངོན་གསལ་ཆེ་བའི་ས་ཆར་སྒྲེང་དགོས་པ་མ་གཏོགས། གོ་ཡུལ་ཕལ་བའམ་དམའ་བའི་ཡུལ་དུ་སྒྲེང་འཛུགས་མི་རུང་།
སྐྱེ་བུ་སུ་ཞིག་བོད་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའམ། རྒྱལ་དར་སྒྲེང་བའི་སྐབས་དང་འཕྲད་ཚེ། ཁ་རྒྱལ་དར་གྱི་ཕྱོགས་སུ་འཁོར་ནས། ལུས་དྲང་པོར་འགྲེང་། མིག་ཕུར་ཚུགས་སུ་རྒྱལ་དར་ལ་གཏད་པའི་གུས་ལུགས་ཞུ་དགོས་པ་དང་། སྐུ་བརྙན་ནམ་དྲན་རྟེན་དངོས་པོ་སོགས་དབུ་འབྱེད་མཛད་སྒོའི་སྐབས་རྒྱལ་དར་བེད་སྤྱོད་བྱེད་ཚེ། རྒྱལ་དར་དེ་ཉིད་མངོན་གསལ་དོད་ཤོས་དང་། མི་མང་གི་མཐོང་ཡུལ་དུ་མངོན་ཐུབ་པ་བྱེད་དགོས་པ་ལས། སྐུ་བརྙན་ནམ་ཅ་དངོས་ཅི་རིགས་ཀྱི་ཁེབས་གཡོག་དང་། ཕྱི་ཐུམ་ལྟ་བུར་བཀོལ་སྤྱོད་བྱེད་མི་ཆོག་ཅེས་དང་།
སྡིངས་ཆ་དང་གཏམ་བཤད་སྟེགས་བུ། མདུན་ཅོག་སྟེང་རྒྱལ་དར་གྱི་ཁེབས་གཡོག་དང་། མདུན་ཐང་དུ་དཔྱངས་སྣར་བྱེད་མི་ཆོག་ལ། སྡིངས་ཆའི་སྟེང་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས། གསུང་བཤད་གནང་མཁན་མང་ཚོགས་ལ་ཁ་གཏད་པའི་གཡས་ཟུར་གྱི་དར་ཤིང་སྟེང་རྒྱལ་དར་བསྐོན་པའམ། གསུང་བཤད་གནང་མཁན་དེའི་རྒྱབ་ངོས་ཀྱི་རྩིག་པར་སྦྱོར་དགོས་པ། དེ་བཞིན་རྒྱལ་དར་ཐོག་ཡི་གེ་དང་། རི་མོའི་རིགས་གང་ཡང་འབྲི་མི་ཆོག་པ་དང་། དར་ཤིང་གཅིག་ལ་བོད་ཀྱི་རྒྱལ་དར་མཉམ་དུ་རྒྱལ་དར་གཞན་ནམ། དར་ཆ་གཞན་སྒྲེང་འཛུགས་བྱེད་མི་ཆོག་པ་དང་། མདོག་དབྱིབས་དང་བཀོད་རིས། ཆ་ཚད་གང་ཅི་སྒྲིག་གཞི་འདི་དང་མི་མཐུན་པའི་རྒྱལ་དར་རམ། རྒྱལ་དར་སྐྱོན་ཅན་རིགས་སྒྲེང་འཛུགས་བྱེད་མི་ཆོག
ལྷག་པར་དུ་གཞུང་འབྲེལ་མཛད་སྒོ་གནམ་ལོ་གསར་ཚེས་དང་རང་དབང་སྒེར་ལངས། སྐུའི་འཁྲུངས་སྐར་དུས་ཆེན་དང་མང་གཙོའི་དུས་ཆེན། དེ་བཞིན་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན་སྐབས། དབུས་དང་ས་གནས་ཀྱི་ལས་ཁུངས་ཁག་ཏུ་བོད་ཀྱི་རྒྱལ་དར་ངེས་པར་དུ་སྒྲེང་འཛུགས་བྱེད་དགོས་ཞེས་བཀོད་འདུག
བོད་ཀྱི་རྒྱལ་དར་སྐེད་པ་མན་གྱི་གྱོན་ཆས་སམ་གྱོན་གོས་ཀྱི་ཆ་ཤས་གང་རུང་དུ་བེད་སྤྱོད་མི་ཆོག་ལ། གདིང་བྱའི་གདན་དང་འབོལ་གདན། ཉེར་སྤྱོད་ལག་ཕྱིས་དང་ཁ་ཕྱིས། ལྷམ་དང་རྐང་ཤུབས་ལྟ་བུ་གང་རུང་སྟེང་འཚེམ་དྲུབ་བམ་པར་འདེབས་བྱེད་མི་ཆོག་པ་དང་། བོད་མི་སུ་འདྲ་ཞིག་གིས་ཀྱང་བོད་ཀྱི་རྒྱལ་དར་རམ་ཡང་ན་དེའི་ཆ་ཤས་མེ་ལ་སྲེག་པའམ། བཙོག་པ་བཟོ་བ། རྡོག་རྫིས་གཏོང་བ། རྐང་བཙུགས་ནས་ས་ངོས་སུ་ཐུག་རེག་དང་། ཆུར་འདྲུད་པ་སོགས་གཏན་ནས་མི་ཆོག་ཅེས་བཀོད་འདུག
དེ་བཞིན། བོད་རྒྱལ་ཁབ་ཆེན་པོར་མཛད་རྗེས་བླ་མེད་བཞག་པའི་མི་སྣ་དང་། འཛམ་གླིང་ཞི་བདེའམ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ལས་དོན། བོད་ཀྱི་རྩ་དོན་འཐབ་རྩོད་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་བཅས་སྐུ་གྲོངས་པ་དང་། རང་འབྱུང་གནོད་འཚེ་སོགས་འཆི་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་རིགས་བྱུང་བ། མཐུན་ཕྱོགས་རྒྱལ་ཁབ་གང་ཞིག་ལ་རྒྱལ་ཁབ་ཆགས་འཇིག་གིས་མཚོན་གོད་ཆག་རིགས་འབྱུང་ཚེ། བཀའ་ཤག་གིས་བཀོད་ཁྱབ་ནམ་བྱུང་ལ་དབུས་དང་ས་གནས་ཁག་གིས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས་སོགས་འཁོད་འདུག
གཞན་ཡང་། རྒྱལ་རྟགས་ཀྱི་བླངས་དོར་ལམ་སྟོན་དང་འབྲེལ། མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར། རྒྱལ་རྟགས་སམ་རྒྱལ་རྟགས་དང་བཀོད་དབྱིབས་ཉེ་བའི་རྟགས་རིས་བཀོལ་སྤྱོད་བྱས་ཏེ། བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་མདོག་སྟོན་ཐབས་བྱེད་མི་ཆོག་པ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་ཚུལ་མཐུན་བྱེད་ཀྱི་མེད་པ་མཐོང་ཚེ། ནང་ཁུལ་ལར་ཞེན་གྱི་ཐོག་ནས་འབྲེལ་ཡོད་ལ་ནོར་འཁྲུལ་ཡོ་བསྲང་གི་གོ་བསྐོན་བྱ་རྒྱུ་དང་། ཁ་ཏར་མ་ཉན་ཚེ་འབྲེལ་ཡོད་ལགནས་ཚུལ་སྙན་གསན་ཞུ་རྒྱུ།
རྐང་བཙུགས་ནས་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ལ་བརྩི་མེད་དང་། དམའ་འབེབས། ཁྱད་གསོད་ཀྱི་བྱ་སྤྱོད་བྱུང་ཚེ། སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོས་ཁྱབ་ཁོངས་ས་གནས་སུ་སྒྲིག་འདོམས་གོ་བསྐོན་དང་། ཕྱིས་འབྱུང་ནོར་འཁྲུལ་མི་འབྱུང་བའི་སྐྱོན་བསྲང་ཐུབ་པ་བྱེད་དགོས།
སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོས་སྐྱོན་བསྲུང་གི་ཐག་གཅོད་ལ་བརྩི་བཀུར་མ་བྱས་ཚེ། བཀའ་ཤག་ལ་སྙན་གསན་ཞུས་ཏེ། ཞིབ་འཇུག་ཚོགས་ཆུང་ཆེད་བཙུགས་ཀྱི་སྙན་ཐོར་བཀའ་ཤག་གིས་དཔྱད་ཞིབ་ཀྱིས། བཙན་བྱོལ་བོད་མིའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་ལམ། དངུལ་ཆད། ཆད་པ་གཞན་གང་འོས་འགེལ་རྒྱུ་སོགས་འཁོད་འདུག
གཞི་རྩའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདིའི་ནང་སྔོན་འགྲོ་དང་། བོད་ཀྱི་རྒྱལ་དར་གྱི་སྤྱི་བཤད། བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས། བོད་ཀྱི་རྒྱལ་རྟགས་ཀྱི་སྤྱི་བཤད། བོད་ཀྱི་རྒྱལ་གླུ་བཅས་ལེའུ་དྲུག་དང་། ནང་གསེས་དོན་ཚན་ཉི་ཤུ་རྩ་གསུམ་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།
