ཟླ་བ་བཞི་མ་ཟིན་ཙམ་གྱི་ལྕགས་རྟ་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་དབུ་འཛུགས།
[དྷ་རམ་སར] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༡ ཉིན། ཧྥ་རན་སི་གནས་སྡོད་བྱེད་མཁན་བོད་དོན་ལས་འགུལ་བ་བསོད་ནམས་དོན་གྲུབ་ཀྱིས། བོད་ཀྱི་བདེན་དོན་དྲིལ་བསྒྲགས་ཆེད། ཧྥ་རན་སིའི་གྲོང་ཁྱེར་ཆེ་ཁག་༢༠ ནང་། དུས་ཡུན་ཟླ་བ་གསུམ་དང་ཕྱེད་ཀ་ལྷག་གི་རིང་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག

བསོད་ནམས་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་ཆེད། འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་། ལྕགས་རྟའི་ཐོག་ཆེད་དུ་སློབ་སྦྱོང་བྱས་པ་དང་ལྕགས་རྟ་དང་འབྲེལ་བའི་ཟབ་སྦྱོང་ནང་མཉམ་ཞུགས། ལས་འགུལ་སྐབས་འགྲེམས་སྤེལ་བྱེད་རྒྱུའི་དོན་ཚན་བཅུ་ཅན་གྱི་བོད་དོན་དང་འབྲེལ་བའི་ཡིག་ཆ་༡༠༠༠ ཙམ་གྲ་སྒྲིག་གནང་ཡོད་འདུགའདི་ག་གསར་འགོད་པས་ལས་འགུལ་གྱི་དམིགས་ཡུལ་སྐོར་བཅར་འདྲི་ཞུས་པར། ཁོང་གིས་ཐོག་མར་ཡུ་རོབ་ཁུལ་དུ་ལྕགས་རྟ་བཞོན་ནས་བོད་དོན་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཡུ་རོབ་ཀྱི་ས་ཆ་འགའ་ཤས་ལ་འགྲོ་མ་ཆོག་པ་དང་ཉེན་ཁ་ཡོད་པ། ཆོག་མཆན་ཞུ་དགོས་པ་དེ་འདྲ་ཡོད་ཙང་། གསུམ་བཅུ་དུས་དྲན་ཐེངས་༦༦ པ་ནེ་ཐར་ལན་ཌི་ལ་ཚོགས་པའི་སྐབས། ཡུ་རོབ་སྤྱི་འཐུས་ལ་ལམ་སྟོན་དང་ཆོག་མཆན་ཞུ་རོགས་དགོས་པ་ཞུས་ཞིང་། རྗེས་སུ་དྲན་སྐུལ་གྱི་ཡི་གེ་ཞིག་ཀྱང་ཕུལ་ཡང་ལན་འདེབས་གང་ཡང་མ་བྱུང་བར་བརྟེན། ད་ལྟ་ཧྥ་རན་སི་གཅིག་པུའི་ནང་ལས་འགུལ་སྤེལ་དགོས་བྱུང་ཞེས་དང་། ཁོང་གིས་ཕ་མ་མ་མཇལ་ནས་ལོ་ངོ་ཉི་ཤུ་ཕྱིན་ཡོད་པ་དང་། ད་དུང་མི་ལོ་ཉི་ཤུ་སྒུག་ནས་བསྡད་ན་ཕ་མ་གཉིས་ཀ་མིག་གི་མདུན་དུ་གྲོངས་འགྲོ་རྒྱུ་ལས་མེད་ཙང་། ཕ་མ་བློས་གཏོང་གིས་ལས་འགུལ་ནང་ཞུགས་པ་ཡིན་ཞེས་དང་། ཐེངས་འདིའི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཅིག་ནི། དེང་སང་ཕྱི་རྒྱལ་བ་ཚོས་བོད་པ་ཚང་མ་རྒྱ་ནག་གི་འོག་ཏུ་བསྡད་འདོད་ཡོད་ན་ཡང་། རྒྱ་གཞུང་གིས་བསྡད་མ་བཅུག་པ་ལྟ་བུའི་ནོར་འཁྲུལ་གྱི་བསམ་བློ་ཞིག་གཏོང་བཞིན་པས། ང་ཚོ་རྒྱ་ནག་གི་འོག་ཏུ་བསྡད་འདོད་མེད་པ་དང་། སྔོན་མ་ལོ་རྒྱུས་ནང་གསལ་བ་བཞིན། བོད་རང་དབང་རང་བཙན་བྱས་ནས་ལོགས་སུ་བསྡད་འདོད་ཡོད་ཅེས་གོ་རྟོགས་སྤེལ་ཆེད་ལས་འགུལ་དེ་སྤེལ་བཞིན་ཡོད་ཅེས་གསུངས་སོང་།
ཁོང་གི་དྲིལ་བསྒྲགས་ཡིག་ཆ་དོན་ཚན་བཅུ་ཅན་གྱི་ནང་། དང་པོ། དམར་ཤོག་ཚོགས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཡོངས་གྲགས་ཡིན་པ་དང་། ཁོ་ཚོས་ཁྲིམས་འགལ་གྱི་བཙན་བཟུང་འོག་བོད་མིས་གཙོས་པའི་མི་གྲངས་ས་ཡ་བརྒྱད་བསད་ཡོད། ཁོ་ཚོས་གསར་བརྗེའི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་ཏེ། ཕྱི་ལོ་༡༩༥༩ ལོར་བོད་མགོ་སྐོར་དང་གདུག་རྩུབ་ཀྱི་བཙན་གནོན་ལ་བརྟེན་ནས་བཟུང་པ་ཡིན་ཞེས་དང་། གཉིས་པ། ང་བོད་པ་ཡིན་པ་ལས་རྒྱ་རིགས་མིན། བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ལས་རྒྱ་ནག་གི་ཞིང་ཆེན་ཞིག་མ་རེད། ངའི་ངོ་བོ་དང་རིག་གཞུང་དང་སྐད་ཡིག་ཚང་མ་བོད་པ་ཡིན། གསུམ་པ། རྒྱ་ནག་དམར་ཤོག་གིས་གནོན་ཤུགས་འོག་བོད་མི་༡༦༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད། ཕྱི་ལོ་༢༠༠༨ ལོ་ནས་བཟུང་བོད་ནི་དེར་རབས་འཛམ་གླིང་ནང་རང་ལུས་མེར་བསྲེགས་བཏང་ནས་ངོ་རྒོལ་བྱེད་མཁན་གྱི་རླབས་རྒྱུན་ཚེ་ཤོས་དེ་ཆགས་ཡོད། བཞི་པ། ཕྱི་ལོ་༢༠༡༩ ནས་བཟུང་སྟེ། རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་བོད་ཕྲུག་ལོ་ན་ལྔ་ཙམ་ནས་རིགས་རྫས་༼DNA༽ བསྡུ་རུབ་བྱེད་བཞིན་པ་དེ་མཚམས་འཇོག་བྱེད་དགོས། ང་ཚོར་བཙན་ཁྲིད་བྱས་པའི་༧པན་ཆེན་རིན་པོ་ཆེའི་ཤི་གསོན་གྱི་གནས་ཚུལ་ཁ་གསལ་དང་། རྩོམ་པ་པོ། བླ་སྤྲུལ་སོགས་ཉེས་མེད་བཙོན་པ་རྣམས་ངེས་པར་དུ་གློད་གྲོལ་གཏོང་དགོས་པ་སོགས་འཁོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།
