བོད་ཀྱི་ཉིན་མོ་ཞེས་པའི་ལས་འགུལ།
མགྲོན་ཁང་ཆེན་པོ་ཞིག་ཏུ་བོད་ཀྱི་ཁང་ཁྱིམ་དང་ཡུལ་སྲོལ་ལྟ་བུའི་བཅའ་བཀོད་བྱས། བོད་ཀྱི་ཟས་རིགས་དང་ཆས་གོས་ཀྱི་རིགས། མཆོད་ཆས་ཀྱི་རིགས། དེ་བཞིན་བོད་ཀྱི་ཐང་ཀ་སོགས་སྒྲིག་བཤམས་བྱས། བོད་ཀྱི་ལོ་གསར་སྐབས་ཀྱི་འགྲོ་སྟངས་དང་འདྲ་བའི་ཉི་མ་ཞིག་ཡོང་ཐུབ་སོང༌། སེར་བྱེས་ཀྱི་དགེ་འདུན་བཞིས་ཆོས་ཕྱོགས་ཀྱི་བཀྲིས་སྨོན་འདུན་བྱས་རྗེས་ནང་ཆོས་ངོ་སྤྲོད་གནང༌། དེ་རྗེས་ས་གནས་དེར་ཡོད་པའི་བོད་ཀྱི་སློབ་ཕྲུག་ཁག་ཅིག་གིས་བོད་ཀྱི་ཐུན་མིན་ཞབས་བྲོ་ཁག་བཞི་གཟིགས་མོར་ཕུལ། མཛད་སྒོ་གོ་སྒྲིག་པ་ཚོས་ྋརྒྱལ་བ་རིན་པོ་ཆེ་སྐུ་འཁྲུངས་ནས་ད་ལྟའི་བར་ཀྱི་མཛད་རྣམ་འདྲ་པར་དང་བརྙན་པར་ལམ་ནས་ངོ་སྤྲོད་དང་དེ་བཞིན་བོད་དུ་རྒྱ་དམར་ཀྱི་མནར་གཅོད་བཏང་བའི་གནས་བབས་གློག་བརྙན་གྱི་ལམ་ནས་ངོ་སྤྲོད་བྱས་པས་མི་རྣམས་དབང་མེད་དུ་སྐྱོ་བའི་མཆི་མ་འདོན་དགོས་པ་བཟོས། ཨ་ཤ་རེ་ཌི་ལགས་ཀྱིས་ཕྱག་ལས་གནང་སྟངས་ལ་བསྟོད་བསྔགས་ཀྱི་ལག་རྟགས་ཞིག་ཀྱང་རྒྱལ་སྤྱིའི་བུད་མེད་ཚོགས་པས་གནང་སོང༌། མཐར་རྒྱ་གར་ཐུགས་རྗེ་ཆེ་ཞེས་པའི་ལས་རིམ་ཞིག་དང་འབྲེལ་མཛད་སྒོ་གྲོལ་སོང་ཞེས་སེར་བྱེས་གྲྭ་དགེ་སློང་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང༌།།
མེ་སོར་ས་གནས་གསར་འགོད་པས།