བོད་མི་འདུ་འཛོམས་ལ་ཡང་བཀག་སྡོམ་བྱས་འདུག
ཟླ་འདིའི་ཚེས་༡༠ ཉིན་བལ་ཡུལ་འཇོ་ཁེལ་བོད་མི་གཞིས་ཆགས་ནས་བོད་མི་འགྲིམ་འགྲུལ་རླངས་འཁོར་གསུམ་བལ་ཡུལ་མཆོད་རྟེན་ཁུལ་དུ་དུས་ཆེན་སྲུང་བརྩི་ཞུ་བར་བཅར་སྐབས། བལ་ཡུལ་གྱི་ཉེན་རྟོག་པ་རླངས་འཁོར་གང་གློ་བུར་དུ་གཞིས་ཆགས་སུ་སླེབས་ནས་ལག་ཏུ་དབྱུག་པ་དང༌། རྡོ་འགོག་བྱེད་ཀྱི་ཕུབ། མཚོན་ཆ་བཅས་བསྣམས་ནས་བོད་མི་དེ་དག་གི་རླངས་འཁོར་བཀག་སྡོམ་བྱས་ཡོད་པ་རེད། དེ་ཡང་ཉེ་ཆར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་འབྱོར་སྐབས་རྒྱ་ནག་གཞུང་ནས་བལ་ཡུལ་ལ་རོགས་རམ་བྱེད་རྒྱུ་དང༌། བལ་ཡུལ་གཞུང་གིས་ཀྱང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་བཅུག་རྒྱུའི་ཁས་ལེན་བྱས་དེ་ལག་བསྟར་བྱས་པ་ཞིག་རེད་འདུག དེ་བཞིན་བལ་ཡུལ་མཆོད་རྟེན་རྒྱ་སྒོའི་འགྲམ་དུའང་ཉེན་རྟོག་པ་སྲུང་སྐྱོབ་ནན་པོ་བྱས་ཡོད་པ་རེད། འོན་ཀྱང་ཉིན་དེའི་ཞོགས་པ་ཆུ་ཚོད་༩ པའི་ཐོག་མི་མང་རྣམས་བསམ་གཏན་གླིང་དུ་འདུ་འཛོམས་ཐོག་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དགོན་པའི་འདུ་ཁང་ནས་གདན་ཞུས་ཀྱིས་གཞུང་ཞབས་ལས་བྱེད་དག་གིས་སྤོས་སྣེ་དང་དགེ་འདུན་པ་རྣམས་ཀྱི་དུང་རྒྱ་རོལ་མོ་དང༌། སློབ་ཕྲུག་རྣམས་ཀྱིས་རོལ་དབྱངས་དང་བཅས་གདབ་ཞུས་ཀྱིས་མཆོད་རྟེན་ཆེན་པོར་སྐོར་བ་ལན་གཅིག་བྱས་རྗེས་བསམ་གཏན་གླིང་གི་ཆོས་རར་མི་མང་འདུ་སའི་བཞུགས་ཁྲིའི་སྟེང་འཁོད་ཡོད། དེར་རྒྱུན་ལྡན་གྱི་མཛད་སྒོ་བཞིན་སྐུ་པར་ཁྲུས་གསོལ་རབ་གནས་དང་མི་མང་ནས་མཇལ་བཅར་ཞུས་ཤིང༌། བལ་ཡུལ་བོད་མིའི་འབྲེལ་མཐུད་པ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་བོད་གཞུང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང༌། སློབ་མ་རྣམས་ཀྱི་རོལ་དབྱངས་དང་བཅས་བལ་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླངས་རྗེས། མི་མང་ཡོངས་ནས་བསང་གསོལ་བྱས་ཏེ་ཀི་བསྭོ་ལྷ་རྒྱལ་དང་བཅས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།། བལ་ཡུལ་གསར་འགོད་པ་རྒྱ་སྟུག་འཇམ་དབྱངས་ཀྱིས།