ཞི་བདེའི་གཟེངས་རྟགས་དུས་ཆེན་ཉིན་གྱི་ཚོར་སྣང༌།

ངས་སྔོན་མ་རང་ཉིད་ཀྱི་རྐུབ་འཛུགས་ས་འཚོལ་བའི་ཆེད་དུ་སྔོན་མ་དེ་དག་མཐོང་བ་ཡིན་ལ། རང་ཉིད་ས་རུ་བསྡད་ཟིན་པའི་རྗེས་སུ་ཡར་མཐོ་རིམ་དཔོན་རིགས་རྣམས་བཞུགས་པའི་ཕྱོགས་ལ་མཇལ་སྐབས་ནམ་རྒྱུན་དང་མི་འདྲ་བར་བཞུགས་སྟེགས་སྟོང་པ་ཧ་ཅང་མང་པོ་འདུག ནམ་རྒྱུན་ངའི་དྲན་ཚོད་ལ་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་བོད་གཞུང་གི་ལས་ཁུངས་ཁག་གུང་སེང་གཏོང་བཞིན་ཡོད་འདུག་མོད། གསུམ་བཅུའི་དུས་དྲན་དང༌། འཁྲུངས་སྐར་དུས་ཆེན། དམངས་གཙོའི་དུས་ཆེན། དེ་རིང་སྲུང་བརྩི་བྱེད་བཞིན་པའི་ཞི་བདེའི་གཟེངས་རྟགས་དུས་ཆེན་སོགས་ལ་བོད་གཞུང་གི་དཔོན་རིགས་ཀྱི་ནང་ནས་ཟུང་དྲུང་ཡན་ཆད་ལ་བཞུགས་སྟེགས་སོགས་དམིགས་བསལ་གོ་སྒྲིག་ཡོད་པས་ཕེབས་དགོས་པ་ཞིག་ཡིན་པས། གང་འཚམས་ཤིག་ཕེབས་བཞིན་ཡོད་པ་མཐོང་མོད། གཞན་ལས་བྱེད་རྣམས་མཛད་སྒོ་ཁག་ལ་བཅར་མཁན་ནི་རེ་ཟུང་ལས་མཇལ་རྒྱུ་མེད། འདི་ནི་འཆར་ཅན་ལྟ་བུ་རེད། ནམ་རྒྱུན་བཞུགས་གྲལ་གྱི་གཡོན་ཕྱོགས་སུ་ཆེ་ཉམས་བསྟན་ནས་བཞུགས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམས་དེ་རིང་ཀྱང་ཧ་ཅང་ཉུང་ཉུང་ཞིག་ལས་ཕེབས་མི་འདུག་ལ། ལྷག་པར་དུ་སྤྱི་འཐུས་རྒྱུན་ལས་ཞིག་ལ་མཚོན་ན་ཕེབས་འཁོར་སོགས་ཀྱང་གཞུང་ངོས་ནས་གྲ་སྒྲིག་ཡོད་པས། གཞུང་འབྲེལ་གྱི་མཛད་སྒོ་གལ་ཆེན་པོ་འདི་ལྟ་བུ་ལ་ཕེབས་མི་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ནམ། ནམ་རྒྱུན་སྤྱི་འཐུས་རྒྱུན་ལས་སུ་གཏན་བཞུགས་སྤྱི་འཐུས་བཅུ་གཅིག་ཡོད་པའི་ནང་ནས་ཉིན་འདིར་ཚོགས་གཞོན་གྱིས་གཡར་ཁྲལ་ལྟ་བུར་སྤྱི་འཐུས་ཀྱི་གསུང་འཕྲིན་དེ་སྒྲོགས་སྦྱང་གནང་དགོས་པས་མ་ཕེབས་ཀ་མེད་ཡིན་པ་དང༌། དེའི་འཕྲོས་སྤྱི་འཐུས་རྒྱུན་ལས་པ་གསུམ་ལས་ཕེབས་མི་འདུག ངའི་སེམས་ལ་གལ་ཆེ་བའི་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་གཞུང་གི་ལས་བྱེད་དང༌། མི་མང་གི་སྐུ་ཚབ་ཀྱིས་མཉམ་ཞུགས་མི་གནང་བར་སྣང་མེད་དུ་བཏང་ན། དུས་རྒྱུན་མི་མང་གི་འགོ་ཇི་ལྟར་ཁྲིད་ཐུབ་བམ་སྙམ་ནས་བློ་ཕམ་ཞིག་ཀྱང་སྐྱེས་སོང༌།

ངས་གོ་མྱོང་བ་ཞིག་ལ་བླ་མ་མི་ཆེན་རག་དུང་ཁ། མི་ལ་སྐོར་དུས་ཁ་ཆེ་ཡང༌། རང་ལ་སྐོར་དུས་མཆུ་འཕྲ་བའི་དཔེ་དེ་ཡང་ཡིད་ལ་དྲན་སོང༌། གང་ལྟར་མཐའ་བསྡོམས་ངས་ཞུ་འདོད་པ་ནི་དྷ་སྟེང་བོད་ཁྱིམ་དང་དྷ་ཤོད་བོད་ཀྱི་སློབ་ཕྲུག་རྣམས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་རིང་ཁྱེད་རྣམས་འདིར་ཕེབས་མེད་ན་གཙུག་ལག་ཁང་གི་མདུན་ཐང་སྟོང་པ་རེད། གཞུང་གི་དཔོན་རིགས་སུ་གཏོགས་པ་རྣམས་གསར་འགོད་པ་ཧ་ཅང་མང་བའི་སྐབས་པར་ཆས་ཀྱི་མདུན་ལ་འཚང་ཁ་རྒྱག་པ་ལས། ྋགོང་ས་མཆོག་བཞུགས་མེད་པ་དང༌། གླུ་གཞས་འཁྲབ་སྟོན་སོགས་གཟིགས་འབུལ་ཞུ་རྒྱུ་མེད་པའི་སྐབས། མཛད་སྒོ་ཁག་ལ་མི་ཕེབས་པར་གཟིམས་ཤག་ཏུ་མ་ཅང་དང༌། ཤོ་སྦག་དབུ་འཁོར་ནས་བཞུགས་ཡོད་པ་མིན་ནམ་བསམ་ནས་ཐེ་ཚོམ་ཞིག་ཀྱང་སྐྱེས་སོང༌། དེ་ལྟར་མིན་པའི་སྨོན་ལམ་འདེབས།།