བཀའ་བློན་ཁྲི་པ་དང་བཀའ་ཟུར་ཁྲི་པ།

ཁོང་གཉིས་ཀྱིས་ཚོགས་བརྡ་འབུལ་རྒྱུ་དང༌། དཔལ་འབྱོར་བསྡུ་རུབ་སོགས་ཀྱི་འགན་ཁུར་ཡོངས་རྫོགས་བཞེས་ཡོད་ཚུལ་འདུག ཚོགས་འདུ་དེའི་ཐོག་བཀའ་བློན་ཁྲི་པ་མཆོག་ལ་མཚན་སྨད་དང་སྐྱོན་བརྗོད་རབས་དང་རིམ་པ་བྱས་ཡོད་པ་དང༌། དེ་བཞིན་སྐུ་ཚབ་གཉིས་ལའང་ཁ་རྡུང་བཏང་ཡོད་པ་རེད། དེར་བརྟེན་སྤྱི་ཚོགས་ཁྲོད་ཨ་ལགས་འཇིགས་མེད་སོགས་མཐུན་ཕྱོགས་ཁག་ཅིག་གིས་ད་ལྟའི་བཀའ་བློན་ཁྲི་པ་མཆོག་ལ་ཁོ་རང་ཚོའི་ཤུགས་རྐྱེན་ཐེབས་ཐུབ་ཐབས་མེད་པ་དང༌། དབང་བསྒྱུར་དེ་བས་འགྲོ་ཐབས་མེད་པར་བརྟེན། བཀའ་བློན་ཁྲི་པ་མཆོག་ལ་སྡང་ཟུག་ཆེན་པོ་ཡོད་པས་བཀའ་ཟུར་རྣམས་བསྡུ་བསྐོང་བྱས་པ་རེད་ཅེས་དང༌། བཀའ་ཟུར་རྣམས་ལ་མཚོན་ན་མཁྱེན་དཔྱོད་ཉམས་མྱོང་གང་ཐད་ནས་གཞན་དང་མི་འདྲ་བ་ཞིག་ཡིན་བཞིན་དུ་དོན་དངོས་མ་མཁྱེན་པར་བཀའ་ཟུར་ཁག་ཅིག་གི་དབང་བསྒྱུར་འོག་འགྲོ་ཐུབ་པ་འདི་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་འདི་སླེབས་པའི་ཚེ། ཨ་ལགས་འཇིགས་མེད་འདི་ཐབས་བཀོད་པ་བཟང་བས་ད་ལྟའི་ཆར་བཀའ་ཟུར་རྣམས་ཀྱི་གཙོ་འཛིན་ནམ་བཀའ་ཟུར་གྱི་ཁྲི་པ་ལྟ་བུར་གྱུར་ཡོད་པས། བཀའ་ཟུར་གཞན་རྣམས་བག་བྱེ་བཞིན་ལེབ་ལེབ་དང་རིལ་རིལ་གང་བཟོ་དགོས་ཀྱང་ཁོང་གི་ལག་ཏུ་ཡོད་ཚུལ་འདུག སྔོན་མ་ཁོང་རྣམས་དང་གཏན་ནས་ལྟ་བ་མི་མཐུན་པའི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལ་མཚོན་ནའང༌། ད་ལྟའི་ཆར་ཁོང་རྣམས་དང་ཁ་ཁོག་གཅིག་པ་ཡིན་ཚུལ་འདུག དེ་ཡང་ད་ལྟའི་བཀའ་བློན་ཁྲི་པ་ལ་ཁ་གཏད་གཅོག་རྒྱུ་གཅིག་པུར། གྲོས་ཆོད་དོན་ཚན་བཅུའི་ནང་དུ་རྒྱ་ནག་གཞུང་དང་འབྲེལ་བ་གཅོད་དགོས་ཚུལ་མང་པོ་ཞིག་འཁོད་ཡོད་པ་དག་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་ཚུལ་གཙོ་བོ་ཡིན་འདུག་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ་ཆེད་བསྐྱོད་ཀྱིས་རང་བཙན་རང་རྩོད་ལེན་བྱེད་དགོས་ཚུལ་བརྗོད་ཡོད་པ་རེད། ཉེ་ཆར་དམིགས་བསལ་ཚོགས་ཆེན་མ་འཚོགས་པའི་སྔོན་ཙམ་ཕྱི་ཟླ་༡༡ པའི་ཚེས་༡༣ ཉིན་སྐུའི་གཅེན་པོ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་དུ་ཕེབས་ཡོད་པར་བརྟེན། དམིགས་བསལ་ཚོགས་ཆེན་སྐབས་རྒྱ་ནག་གཞུང་དང་མེ་ཚིག་མེར་གཏུག་བྱེད་དགོས་པ་རེད་ཅེས་ལོ་སུམ་ཅུའི་གོང་གི་སྐད་ཆ་རྙིང་པ་དེ་བསྐྱར་སློང་གནང་ཡོད་པ་དང༌། བཀའ་ཟུར་ཚོགས་ཆེན་སྐབས་མཉམ་དུ་ཡོད་པའི་བཀའ་ཟུར་ཁག་ཅིག་མགོ་འཐོམས་ནས་ས་དབང་ཆེན་མོས་ག་རེ་གསུང་གི་ཡོད་པ་རེད། ཧ་གོ་ཡི་མི་འདུག ཉེ་ཆར་བཀའ་ཟུར་ཚོགས་འདུའི་སྐབས་རྒྱ་གཞུང་དང་འབྲེལ་བ་གཅོད་དགོས་པ་དང༌། རང་བཙན་རྩོད་ལེན་དགོས་ཚུལ་ཤུགས་ཆེ་གསུངས་སོང༌། ད་ཧ་གོ་ཡི་མི་འདུག་ཅེས་བརྗོད་བཞིན་ཡོད་འདུག

དེ་བཞིན་དམིགས་བསལ་ཚོགས་ཆེན་སྐབས་སྐུའི་གཅེན་པོ་མཆོག་གིས་བོད་ཀྱི་རྩ་དོན་དང་འབྲེལ་བའི་དོན་ཚན་གསུམ་གསུང་རྒྱུའི་གྲ་སྒྲིག་གནང་ཡོད་པ་མ་ཟད། བཀའ་ཟུར་འབྲེལ་ཡོད་ཁག་ཅིག་དང་གོ་བསྡུར་ཡང་གནང་ཡོད་འདུག བཀའ་ཟུར་རྣམས་ཞེད་སྣང་དང་བཅས་དེ་ལྟར་མི་གསུངས་པའི་འབོད་སྐུལ་ཤུགས་ཆེ་ཞུས་པར་བརྟེན་ཚོགས་ཆེན་སྐབས་གསུངས་མེད་པ་རེད། དོན་ཚན་གསུམ་གྱི་སྐོར་རྗེས་སུ་འགོད་རྒྱུ་ཡིན། དྲ་གྲོགས་རྣམས་མུ་མཐུད་ཕེབས་ཤོག།